ཨ་རི་དང་ཡུ་རོབ་ཀྱི་དབུ་ཁྲིད་ཚོས་༧པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་སྐུལ་མ་གནང་།
ཡུ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་པཎ་ཆེན་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་སྐོར་མང་ཚོགས་ཁྲོད་སེམས་འཚབ་གནང་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཀྱང་༧པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་གཏོང་དགོས་པར་བརྗོད་འདུག

ཕྱི་ལོ་༢༠༢༥ ཟླ་༥ ཚེས་༡༧ ཉིན་ནི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་༣༠ འཁོར་བའི་ཉིན་མོ་ཞིག་ཡིན་པར་བརྟེན།
ཉིན་དེར་ཡུ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཨ་ནོར་ཨེལ་ཨ་ནོ་ནི་༼Anouar El Anouni༽ མཆོག་གིས་ཨིག་སི་དྲྭ་རྒྱའི་སྟེང་། ལོ་ངོ་སུམ་བཅུའི་སྔོན་དུ། རྒྱ་གཞུང་གི་དབང་འཛིན་པ་ཚོས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་པ་རེད། དུས་དེ་ནས་བཟུང་ཁོང་གང་དུ་བཞུགས་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད། ང་ཚོས་ཁོང་གི་སྐུ་ཁམས་བདེ་ཐང་ལ་སེམས་འཁྲལ་བྱེད་ཀྱི་ཡོད་ཅེས་དང་། དེ་བཞིན་ཁོང་གིས་སྐྱེ་བོ་སྒེར་རམ། ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གིས། རང་གི་གཞི་རྩའི་ལས་དོན་རྣམས་སྒྲུབ་རྒྱུ་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་འདེམས་སྒྲུག་བྱེད་རྒྱུ། གཞུང་གི་ཐེ་བྱུས་མེད་པར་རང་དབང་གི་སྒོ་ནས་ལག་བསྟར་ཐུབ་དགོས་ཞེས་བརྗོད་འདུག

པར། ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཨིག་སི་དྲྭ་བ་ནས་བླངས།
དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཁོང་གི་ཨིག་སི་དྲྭ་རྒྱའི་སྟེང་།རྒྱ་གཞུང་དབང་འཛིན་པ་ཚོས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལོ་ངོ་སུམ་ཅུའི་སྔོན་བཙན་ཁྲིད་བྱེད་སྐབས། ཁོང་དགུང་ལོ་དྲུག་ལས་སོན་མེད། པཎ་ཆེན་བླ་མ་ཁོང་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་སྤེལ་འདུག
༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་སམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་ ༡༩༨༩ ཟླ་༤ ཚེས་༢༥ ཉིན་ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ནས་ད་ལོར་དགུང་ལོ་༣༦ བཞེས་ཀྱི་ཡོད་པ་དང་། ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༤ ཉིན་༸གོང་ས་༸སྐྱབས་མགོན་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་མཛད་དེ་ཉིན་གསུམ་ཕྱིན་རྗེས། ཟླ་དེའི་ཚེས་༡༧ ཉིན་རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཁོང་གི་ཡབ་ཡུམ་དང་བྱ་བྲལ་རིན་པོ་ཆེ་གཙོས་སྐུ་འཁོར་བཅས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ ཏག་ཏག་འགྲོ་གི་ཡོད་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།