ཨ་རི་དང་རྒྱ་གར་བར་ཚོང་ལས་དང་བདེ་སྲུང་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་མོས་མཐུན་བྱུང་འདུག

རྒྱ་གར་གྱི་སྲིད་བློན་མོ་དྷི་ཨ་རི་ལ་ཡོང་ཐེངས་བཅུ་པའི་སྐབས་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊོམ་དང་ཐུག་འཕྲད་ཀྱིས། ཕྱོགས་གཉིས་བར་ཚོང་དོན་གྱི་དཀའ་ངལ་སེལ་ཆེད་རྒྱ་གར་གྱིས་ཨ་རིའི་རྩ་ནས་རླངས་རྫས་དང་སྣུམ་ཉོ་རྒྱུར་ཁས་ལེན་དང་། ཨ་རིས་རྒྱ་གར་ལ་དམག་དོན་གྱི་ཡོ་ཆས་འཚོང་རྒྱུ་བྱས་པ་མ་ཟད། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བདེ་སྲུང་གི་ཐོག་ལ་ཕྱོགས་གཉིས་བར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་འདུག

པར། རྒྱ་གར་གྱི་བང་ཆེན།

ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༣ ཉིན་ཨ་རིའི་སྲིད་འཛིན་ཊོམ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་བྱས།

སྐབས་དེར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ངོས་ནས་རྒྱ་གར་ལ་གནམ་གྲུ་འཕུར་སྐབས། གཞན་གྱིས་ཚོར་མི་ཐུབ་པའི་F-35 རྟགས་ཅན་གྱི་དམག་གི་གནམ་གྲུ་མཁོ་སྤྲོད་བྱེད་རྒྱུས་གཙོས་དམག་དོན་ཡོ་ཆས་ཚོང་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག  སྲིད་བློན་མོ་དྷི་ཡིས་ཨ་རིའི་མངའ་སྡེ་(Massachusetts) དང་(California) གཉིས་ལ་ཚོང་འབྲེལ་དོན་གཅོད་ལས་ཁུངས་གཉིས་སྒོ་འབྱེད་བྱེད་རྒྱུ་ཡིན་ཞེས་དང་། སྲིད་འཛིན་ཊོམ་གྱིས་ཡུག་རེན་དང་ཨུ་རུ་སུའི་བར་གྱི་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་ཐོག་ལ་འབད་བརྩོན་བྱེད་བཞིན་པ་ལ་དགའ་བསུ་ཞུས་པ་དང་སྦྲགས། དམག་འཁྲུག་མཚམས་འཇོག་གི་ཐབས་ལམ་དེ་དམག་ས་ནས་རྙེད་ཐབས་མེད་པ་དང་། གྲོས་མོལ་དང་ཕྱི་འབྲེལ་ནི་ཞི་བདེའི་ཐབས་ལམ་གཅིག་པུ་དེ་རེད་ཅེས་ནན་བརྗོད་བྱས་ཡོད་འདུག

ཐུག་འཕྲད་ཚར་བའི་རྗེས་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐབས་སུ་ཡང་། སྲིད་བློན་མོ་དྷི་ཡིས། ཁོང་ཉིད་ཀྱིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀའི་འགོ་ཁྲིད་ལ་ཐུག་འཕྲད་བྱས་ཡོད་པ་དང་། རྟག་ཏུ་འབྲེལ་ལམ་ཉེ་བོ་ཉར་བཞིན་ཡོད་པའི་སྐོར། དེ་བཞིིན་རྒྱལ་སྤྱིའི་ནང་། རྒྱ་གར་ནི་དམག་འཁྲུག་དེའི་ཐོག་བར་བཞུགས་རྒྱལ་ཁབ་ཅིག་ཏུ་ལྟ་བཞིན་ཡོད་ན་ཡང་། རྒྱ་གར་གྱིས་བར་བཞུགས་བྱས་ནས་མ་བསྡད་པར། ཞི་བདེའི་ཕྱོགས་སུ་ལྷུང་ནས་ལངས་ཕྱོགས་འཛིན་གྱི་ཡོད་ཅེས་བརྗོད།

ད་ཐེངས་རྒྱ་གར་གྱི་སྲིད་བློན་མོ་དྷི་སྲིད་བློན་གྱི་མིང་ཐོག་ནས་ཨ་རི་ལ་སོང་བ་ཐེངས་༡༠་པ་དེ་ཆགས་ཀྱི་ཡོད་པ་དང་། ཊོམ་གྱིས་སྲིད་འཛིན་གྱི་དུས་ཡུན་གཉིས་པ་འགོ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད་འདུག

ཁ་སང་ཁོང་གཉིས་ཀྱི་ཐུག་འཕྲད་སྐབས། ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པ་དང་བསྟུན། སྲིད་འཛིན་ཊོམ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བདེ་སྲུང་གི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མོས་མཐུན་བྱས་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༢༣ ལོ་ཨ་རི་དང་རྒྱ་གར་བར་ཨ་སྒོར་ཐེར་འབུམ་༡༩༠ ཙམ་གྱི་ཚོང་འབྲེལ་བྱས་ཡོད་པ་དང། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ཨ་རིས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་༧༠ ཙམ་གྱི་དངོས་ཟོག་བཏང་ཡང་། རྒྱ་གར་ནས་ཨ་སྒོར་ཐེར་འབུམ་༡༢༠ ཡི་དངོས་ཟོག་ནང་འདྲེན་བྱས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཁྲོད། དངོས་ཟོག་ནང་འདྲེན་དང་ཕྱིར་འདྲེན་གྱི་གྲངས་འབོར་ལ་ཁྱད་པར་ཆེན་པོ་ཤོར་ནས། ད་ལྟའི་ཆར་ཨ་རིས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་༥༠ ཡི་བུ་ལོན་དགོས་ཀྱི་ཡོད་འདུག

དཀའ་ངལ་དེ་དག་སེལ་ཆེད། ཁ་སང་ཐུག་འཕྲད་སྐབས། སྲིད་བློན་མོ་དྷི་ཡིས་རྒྱ་གར་གྱིས་ཨ་རི་ནས་སྣུམ་དང་རླངས་རྫས་མང་ཙམ་ཉོ་རྒྱུར་ཁས་ལེན་བྱས་ཡོད་འདུག ན་ནིང་རྒྱ་གར་གྱིས་ཨ་རི་ནས་ཨ་སྒོར་ཐེར་འབུམ་༡༥ ཙམ་གྱི་རླངས་རྫས་དང་སྣུམ་ཉོས་ཡོད་པ་དང་། མ་འོངས་པར་ཨ་སྒོར་ཐེར་འབུམ་༢༥ ཙམ་གྱི་སྣུམ་དང་རླངས་རྫས་ཉོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཨ་རི་དང་རྒྱ་གར་གཉིས་ཀྱིས་ཕྱི་ལོ་༢༠༣༠ ལ་སླེབ་དུས་ཕྱོགས་གཉིས་ཀྱི་བར་ལོ་འཁོར་ཚོང་འབྲེལ་དེ་ཨ་སྒོར་ཐེར་འབུམ་༥༠༠ ཟིན་རྒྱུ་ལ་དམིགས་འབེན་བྱེད་བཞིན་ཡོད་འདུག

དེ་བཞིན། སྲིད་འཛིན་ཊོམ་སྲིད་གཞུང་གིས་ཨ་རིའི་ནང་ཁྲིམས་འགལ་གྱིས་འཛུལ་མཁན་རྣམས་ཕྱིར་འབུད་བྱེད་རྒྱུའི་ཁས་ལེན་གྱིས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། རེས་གཟའ་ཕུར་བུའི་ཉིན། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཀྱང་། ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་སུ་ཡིན་ཡང་། ཕྱིར་རྒྱ་གར་དུ་ལེན་རྒྱུའི་གྲ་སྒྲིག་ཨང་གསར་ཡིན་ཞེས་བརྗོད་འདུག

ཉེ་ཆར་ཁྲིམས་འགལ་གྱིས་ཨ་རིའི་ནང་འཛུལ་མཁན་རྒྱ་གར་བ་༡༠༤ ཨ་རིའི་གཞུང་གིས་དམག་གི་གནམ་གྲུ་བརྒྱུད་ཕྱིར་བསློགས་པ་ལྟར། རྒྱ་གར་གྱིས་ཀྱང་ཁས་ལེན་བྱས་ཡོད་འདུག དེ་བཞིན་པེའོ་(Pew) ་ཞིབ་འཇུག་ལྟེ་གནས་ཁང་གིས་བརྗོད་གསལ་ལྟར་ན། ཨ་རིའི་ནང་ཁྲིམས་འགལ་ཐོག་གནས་སྡོད་བྱེད་མཁན་རྒྱ་གར་བ་༧༢༥,༠༠༠ ལྷག་ཡོད་ཅིང་། ཨ་རིའི་ནང་ཁྲིམས་འགལ་ཐོག་གནས་སྡོད་བྱེད་མཁན་མང་ཤོས་གསུམ་པ་དེ་རྒྱ་གར་བ་ཆགས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།