ཨ་རི་དང་རྒྱ་གར་བར་འབྲེལ་ལམ་ཡག་ཏུ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་ཐབས་བྱེད་བཞིན་འདུག
རྒྱ་གར་དང་ཨ་རི་གཉིས་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ཐོག་སེམས་འཚབ་བྱེད་བཞིན་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་བར་གསང་བའི་གནས་ཚུལ་བརྗེ་ལེན་དང་། དམག་དོན་མཉམ་ལས། དེ་བཞིན་ས་ཁུལ་བདེ་འཇགས་བཅས་ཀྱི་ཆེད་དུ། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་རྒྱ་གར་ལ་ཕེབས་རྒྱུ་དང་། དཔལ་འབྱོར་སོགས་ཀྱི་གནད་དོན་ཆེད་ཨ་རིའི་སྲིད་འཛིན་གཞོན་པ་ཡང་རྒྱ་གར་ལ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༣ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་རྗེས་མའི་ནང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཏུར་སི་གྷ་བྷ་ཌ་(Tulsi Gabbard) ་ཉི་ཧོང་དང་། ཐེ་ལན་ཌི་གཉིས་སུ་འཚམས་གཟིགས་ཕེབས་རྗེས། རྒྱ་གར་ལ་ཕེབས་རྒྱུ་ཡིན་འདུག
རྒྱ་གར་དང་ཨ་རི་གཉིས་ཀས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ལ་སེམས་འཚབ་བྱེད་བཞིན་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་བར་གསང་བའི་གནས་ཚུལ་བརྗེ་ལེན་དང་། དམག་དོན་མཉམ་ལས། དེ་བཞིན་ས་ཁུལ་བདེ་འཇགས་བཅས་ཀྱི་ཆེད། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་རྒྱ་གར་དུ་ཕེབས་རྒྱུ་ཡིན་པ་དང་། ད་ལྟའི་ཆར་རྒྱ་གར་དང་ཨ་རིའི་བར་དམག་དོན་དང་། གསང་བའི་གནས་ཚུལ་ཐོག་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་དུས་ཤིག་ཀྱང་ཆགས་ཀྱི་ཡོད་པ་དང་། ཁོང་ནི་སྲིད་འཛིན་ཊོམ་གྱི་སྲིད་གཞུང་གི་ཆེས་མཐོ་མི་སྣ་ཞིག་རྒྱ་གར་དུ་འཚམས་གཟིགས་ཕེབས་མཁན་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག
ཁོང་གི་ཨིག་སི་དྲྭ་ཐོག་ཏུ་བཀོད་པའི་གནས་ཚུལ་ལྟར་ན། སྲིད་འཛིན་ཊོམ་གྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་དང་རང་དབང་། ཡར་རྒྱས་བཅས་ཀྱི་དམིགས་ཡུལ་རྣམས་མདུན་སྐྱོད་བྱེད་ཆེད། འབྲེལ་ལམ་བརྟན་པོ་བཟོ་རྒྱུ་དང་། ཕན་ཚུན་རྒྱུས་ལོན། ཁ་གསལ་དགོས་རྒྱུ་གལ་གནད་ཡིན་པ་བཅས་ནན་བརྗོད་བྱས་ཡོད་འདུག
གཞན་ཡང་། ཟླ་འདིའི་ཟླ་མཇུག་ཏུ། ཨ་རིའི་སྲིད་འཛིན་གཞོན་པ་དང་ཁོང་གི་གཟའ་ཟླ་གཉིས་ཀྱང་རྒྱ་གར་ལ་འཚམས་གཟིགས་སུ་ཕེབས་འཆར་ཡོད་འདུག་ལ།ཁོང་གིས་སྲིད་འཛིན་གཞོན་པས་གོ་གནས་བཟུང་བ་ནས། རྒྱལ་སྤྱིའི་ནང་འཚམས་གཟིགས་ཐོག་མ་དེ་ཧྥ་རན་སི་དང་འཇར་མན་ལ་ཕེབས་ཤིང་། སྐབས་དེར་མི་མང་པོས་ཁོང་གིས་ཡུག་རེན་གྱི་དམག་འཁྲུག་ཐོག་ལ་བཀའ་མོལ་གནང་རྒྱུའི་རེ་བ་བྱས་ཀྱང་། ཁོང་གིས་མུ་ནེ་ཆི་(Munich) བདེ་འཇགས་ལྷན་ཚོགས་ཐོག ཡུ་རོབ་ཀྱིས་ཁྲིམས་འགལ་གྱི་གཞིས་སྤོ་བ་ཚོ་སྟངས་འཛིན་བྱེད་སྟངས་དང་། ཆོས་དད་རང་དབང་སྣང་མེད་བཏང་བ། ཐ་ན་འོས་བསྡུའི་ཐད་ཀྱི་ཡུ་རོབ་ཀྱི་ལངས་ཕྱོགས་བཅས་ལ་སྐྱོན་བརྗོད་བྱས་ནས། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་སེམས་འཚབ་བྱེད་དགོས་པ་བཟོས་ཡོད་འདུག

ཁོང་གི་ཡོང་རྒྱུའི་འཚམས་གཟིགས་དེས་ཨ་རིས་གལ་ཆེན་གྱི་མཐུན་གྲོགས་རྒྱལ་ཁབ་གཅིག་ལ་མུ་མཐུད་འབྲེལ་བ་བྱེད་ཀྱི་ཡོད་པའི་བརྡ་མཚོན་གྱི་ཡོད་པ་དང་། འཚམས་གཟིགས་ཀྱི་གནས་ཚུལ་ཞིབ་ཕྲ་མི་གསལ་ཡང་། དཔལ་འབྱོར་དང། བདེ་འཇགས། ཕྱི་འབྲེལ་གྱི་གནད་དོན་བཅས་ཀྱི་ཐོག་མཉམ་ལས་ཡོང་རྒྱུ་ལ་ཤུགས་སྣོན་རྒྱག་རྒྱུའི་ཚོད་དཔག་བྱེད་བཞིན་འདུག
འཛམ་གླིང་གི་འགྲོས་འགྱུར་བཞིན་པའི་སྐབས་སུ། རྒྱལ་ཁབ་གཉིས་ཀས་ས་ཁུལ་གྱི་བདེ་འཇགས་ནས་འཕྲུལ་རིག་མཉམ་ལས་བར། ཕྱོགས་གཉིས་ཀའི་ཁེ་ཕན་ལ་བསམ་བློ་གཏོང་མུས་ཡིན་པར་བརྗོད་འདུག།ཡིན་ཡང་། ཨ་རི་དང་རྒྱ་གར་བར་ཚོང་དོན་ཐོག་དོ་མི་མཉམ་པའི་དཀའ་ངལ་ཞིག་ཡོད་ཅིང་། དེ་ནི་ཕྱི་ལོ་༢༠༢༣ ལོ་ཨ་རི་དང་རྒྱ་གར་བར་ཨ་སྒོར་ཐེར་འབུམ་༡༩༠ ཙམ་གྱི་ཚོང་འབྲེལ་བྱས་ཡོད་པ་དང། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ཨ་རིས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་༧༠ ཙམ་གྱི་དངོས་ཟོག་བཏང་ཡང་། རྒྱ་གར་ནས་ཨ་སྒོར་ཐེར་འབུམ་༡༢༠ ཡི་དངོས་ཟོག་ཨ་རིས་ནང་འདྲེན་བྱས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཁྲོད། དངོས་ཟོག་ནང་འདྲེན་དང་ཕྱི་འདྲེན་གྱི་གྲངས་འབོར་ལ་ཁྱད་པར་ཆེན་པོ་ཤོར་ནས། ད་ལྟའི་ཆར་ཨ་རིས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་༥༠ ཡི་བུ་ལོན་དགོས་ཀྱི་ཡོད་འདུག
དཀའ་ངལ་དེ་དག་སེལ་བའི་ཆེད། ཟླ་བ་སྔོན་མའི་ནང་། རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་སྲིད་འཛིན་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་སྐབས། རྒྱ་གར་གྱིས་ཨ་རི་ནས་སྣུམ་དང་རླངས་རྫས་མང་ཙམ་ཉོ་རྒྱུར་ཁས་ལེན་བྱས་ཡོད་འདུག
རྒྱ་གར་གྱིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་ཤུགས་ཆེན་འགེལ་བཞིན་ཡོད་འདུག་པ་བཞིན། ཉེ་ཆར་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་བརྗོད་གསལ་ལྟར་ན། རྒྱ་གར་གྱིས་ཨ་རིའི་ཨ་རག་གི་ཐོག་ཏུ་སྒོ་ཁྲལ་བརྒྱ་ཆ་༡༥༠ བཀལ་ཡོད་པ་མ་ཟད། ཞིང་ལས་ཐོན་རྫས་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠༠ བཀལ་ཡོད་འདུག་ལ། ཉེ་ཆར་སྲིད་འཛིན་ཊོམ་གྱིས་ཀྱང་། རྒྱ་གར་དང་ཚོང་འབྲེལ་བྱེད་པ་ལས་སླ་བོ་མེད་པའི་སྐོར་བརྗོད་འདུག།ཨ་རིས་རྒྱ་གར་གྱི་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རྒྱུའི་ཡ་ལན་མ་བསློགས་པའི་སྔོན་དུ། སྲིད་འཛིན་གཞོན་པ་དང་ཁོང་གི་བཟའ་ཟླ་རྒྱ་གར་བ་གཉིས་རྒྱ་གར་དུ་ཕེབས་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།