ཨ་རི་དང་རྒྱ་ནག་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཏུ་མཉམ་ལས་བྱེད་རྒྱུའི་མོས་མཐུན་བྱས་འདུག
ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་འགྲོ་བ་མིའི་ཐོབ་ཐང་དང་། ཚོང་ལས། ཐའེ་ཝན། ཡུ་གུར་མི་རིགས་ཀྱི་དཀའ་ངལ་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་འགལ་བ་ཤུགས་ཆེ་རུ་འགྱུར་བཞིན་ཡོད་རུང། ཁོར་ཡུག་སྲུབ་སྐྱོབ་ཀྱི་ཐོག་ཏུ་མཉམ་ལས་བྱེད་རྒྱུའི་མོས་མཐུན་བྱས་འདུག
ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་ཁབ་གཉིས་ཀྱིས་“ཁོར་ཡུག་གི་ཛ་དྲག་དཀའ་ངལ་སེལ་བའི་ཆེད་དུ་ཕན་ཚུན་དང་། དེ་བཞིན་རྒྱལ་ཁབ་གཞན་དང་ལྷན་དུ་མཉམ་ལས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”ཅེས་བརྗོད་འདུག
མཉམ་འབྲེལ་གྱི་བསྒྲགས་གཏམ་དེའི་ནང་དུ་གསལ་བ་ལྟར་ན། ཐེངས་འདིའི་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་གྲོས་མཐུན་དེ་ནི། ཨ་རིའི་ཁོར་ཡུག་ལས་དོན་གྱི་དམིགས་བསལ་སྐུ་ཚབ་ཇོན-ཁེ་རི་(John Kerry)དང་། རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཤི་ཧྲོ་ཧོ་(Xie Zhenhua)གཉིས་ཀྱིས་བདུན་ཕྲག་གོང་མར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་ཉིན་གཉིས་རིང་གྲོས་མོལ་བྱས་རྗེས་སུ་བཞག་པ་ཞིག་ཡིན་འདུག
རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་ཚོས་བཏོན་པའི་སྙན་ཐོ་ལྟར་ན། འཛམ་གླིང་སྟེང་གི་ཁོར་ཡུག་སྦགས་བཙོག་བཟོ་མཁན་ཆེ་ཤོས་དེ་རྒྱ་ནག་དང་། གཉིས་པ་ཨ་རི་ཆགས་འདུག་ཅིང་། རྒྱལ་ཁབ་འདི་གཉིས་ཀྱིས་བཟོས་པའི་དུ་རླངས་(fossil fuel fumes)ཀྱི་ཚད་དེ་འཛམ་གླིང་ཧྲིལ་པོའི་དུ་རླངས་ཀྱི་བརྒྱ་ཆ་ ༥༠ ཙམ་ཟིན་འདུག་པས། གནམ་གཤིས་འགྱུར་ལྡོག་འགོག་ཐབས་དང་། གོ་ལའི་ཁོར་ཡུག་སྲུང་སྐྱོབ་རྒྱུན་གནས་ཡོང་ཆེད། རྒྱལ་ཁབ་འདི་གཉིས་ཀྱིས་ནུས་པ་མཉམ་སྤུང་གིས་ལས་དོན་སྒྲུབ་རྒྱུ་དེ་ཧ་ཅང་གལ་གནད་དུ་གྱུར་ཡོད་རུང་། འགྲོ་བ་མིའི་ཐོབ་ཐང་དང་། ལྷོ་རྒྱ་ནག་རྒྱ་མཚོ། ཐའེ་ཝན་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་འགལ་ཟླ་བྱུང་ནས་ད་བར་དུ་དེ་ལྟ་བུའི་མཉམ་འབྲེལ་ཞིག་མ་བྱུང་བར་ལྷག་ཡོད་པ་མ་ཟད། ཐེངས་འདིའི་གྲོས་མཐུན་འདི་ཡང་དངོས་སུ་ལག་བསྟར་བྱེད་ཐུབ་མིན་དེ་དོགས་གཞི་ཞིག་ཆགས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།