ཨ་རི་དང་རྒྱ་ནག་གི་འབྲེལ་བ་ནི་དུས་རབས་༢༡ པའི་ནང་གལ་ཆེ་ཤོས་ཀྱི་གཞུང་འབྲེལ་གདོང་ལེན་ཞིག་ཡིན་པར་བརྗོད་འདུག
ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་པའི་དུས་སྐབས་སུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བྱེ་བྲག་བོད་དང་ཡུ་གུར། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་གཏོང་བཞིན་པའི་གནད་དོན་ཐད་ཁྲིམས་ཡིག་མང་དག་ཅིག་གཏན་འབེབས་ཀྱི་ཐུགས་འགན་བཞེས་མྱོང་མཁན་ཞིག་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་ཆེན་མོ་ལ་བསྐོ་གཏན་འཁེལ་འདུག

ཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ན་ནིང་ཕྱི་ཟླ་༡༢ ནང་། ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་David Perdue རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་ཆེན་མོ་ལ་འདེམ་སྒྲུག་བྱས། བདུན་འདིའི་རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་འོས་བསྡུའི་ཁྲོད་ཁོང་ལ་མང་མོས་ཀྱིས་རྒྱལ་ཁ་ཐོབ་རྗེས། ཁོང་ཉིད་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་ཆེན་མོ་ལ་བསྐོ་རྒྱུ་གཏན་འཁེལ་བྱས་ཡོད་འདུག
ཕྱི་ཟླ་༤ པའི་ནང་ཁོང་གི་བསྐོ་གཞག་གཏན་འཁེལ་གྱི་ཉན་ཞིབ་སྐབས། ཁོང་གིས་ཨ་རིས་རྒྱ་ནག་ལ་ཞིབ་ཕྲ་དང་། ཆབ་སྲིད་ཚོགས་པའི་ལྟ་བ་མེད་པའི་ཐབས་བྱུས་ཀྱི་ལྟ་སྟངས་ཤིག་འཛིན་དགོས་པའི་སྐོར་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ནི་དུས་རབས་༢༡ པའི་ནང་གི་གལ་ཆེ་ཤོས་ཀྱི་གཞུང་འབྲེལ་གདོང་ལེན་ཞིག་ཡིན་པར་བརྗོད་འདུག ཁོང་དགུང་ལོ་༧༥ ཡིན་པ་དང་། ཕྱི་ལོ་༢༠༡༥ ནས་༢༠༢༡ བར་ཨ་རིའི་༼Georgia༽ མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་བྱེད་སྐབས། རྒྱ་ནག་གི་(Think Tank) ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་ཁོང་ནི་རྒྱ་ནག་ལ་རྒྱབ་འགལ་བྱེད་མཁན་ཞིག་ལ་ངོས་འཛིན་བྱས་འདུག ན་ནིང་རྩོམ་ཡིག་ཅིག་གི་ནང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་དེང་རབས་ཀྱི་གོང་མ་ཞེས་བོས་ཡོད་པ་དང་། རྒྱ་ནག་གིས་མ་རྩ་རིང་ལུགས་དང་དམངས་གཙོ་གཏོར་བཤིག་གཏོང་རྒྱུ་ལ་འབད་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་འདུག
ཉེ་བའི་བདུན་ཕྲག་འགའ་ཤས་ཀྱི་རིང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༤༥ བཀལ་བ་དང་། རྒྱ་ནག་གིས་ཀྱང་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༢༥ བཀལ་ནས། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་དུས་སྐབས་སུ། ཨ་རིས་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་པ་ཁོང་བསྐོ་གཞག་བྱས་ཡོད་འདུག གནས་ཚུལ་དབྱེ་ཞིབ་པ་འགའ་རེས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ནི་ཨ་རྒྱ་གཉིས་ཀྱི་ཁེ་ཕན་ཙམ་མ་ཟད། ཕྱོགས་གཉིས་བར་གྱི་འབྲེལ་བའི་ཤུགས་རྐྱེན་དེ་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད། འཛམ་གླིང་གི་བདེ་འཇགས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པར་བརྗོད་འདུག
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གསར་དུ་བསྐོ་གཞག་གཏན་འཁེལ་ཟིན་པའི་གཞུང་ཚབ་ཆེན་མོས་དེ་སྔར་ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio) དང་ལྷན། གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནང་ཕྱག་ལས་གནང་པའི་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་དུ་བོད་དང་ཡུ་གུར། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ཁྲིམས་ཡིག་མང་དག་ཅིག་གཏན་འབེབས་བྱས་པར་ཐུགས་འགན་བཞེས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།