ཨ་རི་དང་རྒྱལ་སྤྱིའི་མི་མང་ལ་བོད་མིའི་རང་དབང་འབྲེལ་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུའི་འགན་ཡོད་གསུངས་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་མཆོག་གིས་འདས་པའི་ལོ་བཞིའི་བསྐྱར་ཞིབ་དུས་ཡུན་ནང་། རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ངོས་ལེན་མི་བྱེད་མཁན་ཚོར་དམིགས་ཏེ་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་གཏང་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསམ་ཚུལ་མི་མཐུན་པ་འདོན་མཁན་རྣམས་ལ་མུ་མཐུད་འཇིགས་སྐུལ་དང་དྲག་གནོན་གཏོང་བཞིན་ཡོད་པར་གསུངས་འདུག

(པར། བོད་མིའི་སྒྲིག་འཛུགས།)

ཟླ་འདིའི་ཚེས་༢༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཧལ་སིན་ཀི་ཐེབས་རྩའི་གོ་སྒྲིག་འོག རྒྱལ་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་དུས་བཀག་བསྐྱར་ཞིབ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གསལ་སྟོན། ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་འདུག

སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་མཆོག་གིས་སྒྲ་འཇུག་གསུང་འཕྲིན་གནང་བའི་ནང་། ང་ཚོས་འདིར་གོ་བསྡུར་ཞུ་བཞིན་པའི་གནད་དོན་དེ་དག་ནི་ང་རང་དང་ཨ་རི་གཞུང་ལ་ཧ་ཅང་གལ་གནད་ཆེན་པོ་ཡིན། རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་གཏན་ཁེལ་བའི་ཉིན་གཅིག་གི་སྔོན་ང་ཚོ་འདིར་འཛོམས་པ་འདི་ནི། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྲུང་སྐྱོབ་དང་གོང་མཐོར་གཏང་རྒྱུར་འབད་རྩོལ་ཞུ་རྒྱུའི་གོ་སྐབས་ཤིག་ཡིན་པ་རེད། འདས་པའི་ལོ་བཞིའི་བསྐྱར་ཞིབ་དུས་ཡུན་ནང་ཤར་ཏུར་ཀི་སི་ཐན་ནང་མི་རིགས་རྩ་བརླག་གཏོང་བཞིན་པ་ནས་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཞན་དུ་འགྲོ་བ་བཞིན། རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ངོས་ལེན་མི་བྱེད་མཁན་ཚོར་དམིགས་ཏེ་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་གཏང་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསམ་ཚུལ་མི་མཐུན་པ་འདོན་མཁན་རྣམས་ལ་མུ་མཐུད་འཇིགས་སྐུལ་དང་དྲག་གནོན་གཏོང་བཞིན་ཡོད་ཅེས་དང།

གནས་སྟངས་དེ་དག་བོད་ནང་ཧ་ཅང་གསལ་པོ་རེད། ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་གི་ཁྱད་ཆོས་ལྡན་པ་ཞིག་ཏུ་བཙན་སྒྱུར་བྱ་རྒྱུ་དང་། བོད་མིའི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་གི་ངོ་བོ་རྩ་མེད་གཏོང་ཐབས་སུ་དྲག་རྩུབ་ཅན་གྱི་ལམ་ལུགས་གཏན་འབེབས་བྱས་ཡོད། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་ཐབས་རྩོམ་གྱི་ཡོད་ལ། དམིགས་བསལ་སེམས་འཚབ་བྱ་ཡུལ་ཞིག་ནི་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་དེ་རྒྱ་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་བཅུག་སྟེ། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་བསླབ་བྱ་ཁག་རྒྱ་གཞུང་གི་མང་གཙོའི་རང་བཞིན་མིན་པའི་ལམ་སྲོལ་གཞིར་བཟུང་བཟོ་ཐབས་རྩོམ་བཞིན་པ་དེ་ཡིན། དེའི་ཐོག་ཁོང་ཚོས་དུས་ཚོད་འཕྲོ་བརླག་གཏོང་གི་མེད། དམའ་རིམ་སློབ་གྲྭ་ནས་བཟུང་བོད་ཕྲུག་རྣམས་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱས་ཏེ། ཁོང་ཚོའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཉམས་ལེན་བྱེད་འཇུག་གི་མེད། དཀའ་ངལ་དེ་ལྟར་འཕྲད་བཞིན་ཡོད་ནའང་། བོད་མི་རྣམས་ཀྱིས་གསར་གཏོད་ཀྱི་ལམ་ནས་ཆོས་དད་དང་། རིག་གཞུང་གཅེས་འཛིན་བྱེད་བཞིན་ཡོད། ཕྱི་ཟླ་དགུ་པའི་ནང་གི་དུས་འཁོར་དབང་ཆེན་སྐབས་མི་ཚོགས་མང་པོ་འཛོམས་པ་དེ་རྒྱ་གཞུང་གི་དྲག་གནོན་འོག་ཏུའང་བོད་ནང་མུ་མཐུད་གསོན་ཤུགས་རྒྱུན་གནས་དང་འགྱུར་བ་ཡོང་བའི་རེ་བ་ཡོད་པར་བསྟན་ཡོད། ཅེས་དང་།

(པར། བོད་མིའི་སྒྲིག་འཛུགས།)

སང་ཉིན་ཨ་རི་དང་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིར་གཞི་རྒྱ་ཆེ་བའི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་རྡོག་རོལ་གཏང་བར་སྐྱོན་བརྗོད་བྱ་རྒྱུའི་གོ་སྐབས་དང་ལས་འགན་ཡོད། རྒྱ་ནག་གཞུང་གི་དྲག་གནོན་གྱི་དཀའ་ངལ་དེ་དག་རྒྱལ་ཁབ་གཅིག་ཁོ་ནས་སེལ་ཐབས་མེད་པ་ང་ཚོས་ཤེས་ཀྱི་ཡོད་ཅིང་། དེས་ན། གནད་དོན་དེ་མཐོ་རིམ་རྒྱ་ནག་གཞུང་ལ་ཞུ་གཏུག་བྱས་པ་ཙམ་མ་ཡིན་པར་ཨ་རིའི་གཞུང་ངོས་ནས་མུ་མཐུད་མཐུན་ཕྱོགས་ཚོགས་སྡེ་རྒྱལ་ཁབ་དང་འབྲེལ་བ་དམ་དུ་གཏོང་གི་ཡོད། ང་ཚོ་མཉམ་རུབ་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་ཆེད་རྒྱལ་སྤྱིའི་རྒྱབ་སྐྱོར་ཚད་མཐོར་གཏོང་བར་འབད་རྩོལ་བྱེད་དགོས་ཞེས་སོགས་གསུངས་ཡོད་འདུག

དེ་བཞིན་ཟུར་ཚོགས་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནས་བབ་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་བཀྲས་མཐོང་བསྟན་འཛིན་ལྷ་སྒྲོན་གྱིས་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་གིས་བོད་ནང་གི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་སྐོར་གསལ་སྟོན་གནང་ཡོད་འདུག

ཟླ་འདིའི་ཚེས་༢༣ ཉིན་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་གི་ཡོད་པ་དང་། སྐབས་དེར་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འདས་པའི་ལོ་བཞིའི་དུས་ཡུན་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ལ་བསྐྱར་ཞིབ་དང་། སླད་འཆར་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཡར་རྒྱས་གཏོང་ཕྱོགས་ཇི་དགེའི་ཐད་དགོངས་ཚུལ་སྤུངས་ཏེ། ཡོང་འགྱུར་ཕྱི་ཟླ་༦ ནང་འཚོག་རྒྱུའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་བསྐྱར་ཞིབ་ཀྱི་སྙན་ཐོ་གཏན་འབེབས་གནང་གི་ཡོད། སྙན་ཐོའི་ནང་གསལ་བའི་ལམ་སྟོན་ཁག་རྒྱ་ནག་གཞུང་ངོས་ནས་ཕྱི་ལོ་༢༠༢༩ ལོའི་བསྐྱར་ཞིབ་བར་དུ་ལག་ལེན་དོན་འཁྱོལ་བྱེད་དགོས་པ་དང་། རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་ལམ་སྟོན་ཁག་ལག་བསྟར་བྱེད་བཞིན་པའི་གནས་བབ་གསལ་སྟོན་བྱེད་པའི་དུས་མཚམས་སྙན་ཐོ་(mid-term report) ་ཞིག་འབུལ་དགོས་ནའང་། རྒྱ་གཞུང་གིས་ད་བར་དེ་དོན་ལག་བསྟར་བྱས་མེད་པ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་སྤེལ་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།