ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་གཉིས་མཇལ་འཕྲད་སྐབས་ཡུག་རེན་སྐོར་གྲོས་མཐུན་བྱུང་མི་འདུག
ཨ་རིའི་སྲིད་འཛིན་དང་ཧྥ་རན་སིའི་སྲིད་འཛིན་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་ཐོག་མ་གནང་སྐབས། ཕྱོགས་གཉིས་ཀས་ཞི་བདེ་འདོད་ཀྱང་། ཡུག་རེན་གྱི་དམག་འཁྲུག་ཐོག་ལྟ་ཚུལ་ཐ་དད་ཡིན་པ་གསལ་སྟོན་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༤ ཉིན། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགོ་བཙུགས་ནས་ལོ་ངོ་ཧྲིལ་པོ་གསུམ་ཏག་ཏག་འཁོར་བའི་ཉིན་དེར། ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་གཉིས། ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་ཡོད་འདུག་པ་དང་།
སྐབས་དེར་ཧྥ་རན་སིའི་སྲིད་འཛིན་གྱིས་ཡུག་རེན་ནང་གི་ཞི་བདེའི་གྲོས་མཐུན་གང་ཡིན་རུང་། བདེ་འཇགས་ཀྱི་འགན་ལེན་དང་ལྷན་དུ་ཡོང་དགོས་པ་དང་། ཞི་འགྲིག་ཟེར་དུས་ཡུག་རེན་གྱིས་མགོ་བཏགས་ཞུ་བའི་དོན་མིན་པ་མ་ཟད། འགན་ལེན་མེད་པའི་དམག་འཁྲུག་མཚམས་བཞག་པའི་དོན་མིན་ཞེས་དང་། ཞི་འགྲིག་གིས་ཡུག་རེན་ལ་བདག་དབང་ཡོད་པ་དང་། ཡུག་རེན་ལ་གནད་དོན་དང་འབྲེལ་བ་ཡོད་མཁན་དང་ལྷན་དུ་གྲོས་མོལ་བྱེད་དུ་འཇུག་དགོས་པ་དང་། ཡུག་རེན་གྱི་བདེ་འཇགས་ལ་འགན་ཁུར་བའི་ཐོག་ནས་ཞི་འགྲིག་ཡོང་དགོས་པར་བརྗོད།
སྲིད་འཛིན་ཊོམ་གྱིས་གང་མགྱོགས་དམག་མཚམས་འཇོག་འདོད་ཡོད་ཅེས་བརྗོད་པ་བཅས་དབུ་ཁྲིད་གཉིས་ཀྱིས་ཡུག་རེན་གྱི་བདེ་འཇགས་ཐོག་འགན་ལེན་དགོས་པའི་བརྗོད་གཞིའི་ཐོག་གྲོས་མཐུན་བྱུང་མེད་པ་རེད་འདུག
དབུ་ཁྲིད་གཉིས་བར་ཡུག་རེན་གྱི་ས་ཁུལ་ག་ཚོད་ཙམ་ཞིག་ཨུ་རུ་སུ་ལ་སྤྲོད་དགོས་འབྱུང་སྲིད་པའི་ཐོག་ལ་ཡང་མི་མཐུན་པ་བྱུང་ཞིང་། ཧྥ་རན་སིའི་སྲིད་འཛིན་གྱིས། ངས་འདི་ཧ་ཅང་གསལ་པོར་ཞུ་རྒྱུ་ཡིན། ང་ཚོ་ཡུ་རོབ་མི་མང་གི་བདེ་འཇགས་སྐོར་སྐད་ཆ་ཤོད་ཀྱི་ཡོད། ངས་བདུན་ཕྲག་ཁ་ཤས་ནས་བཤད་དང་ཤོད་བཞིན་པ་ཡིན། གལ་ཏེ་ང་ཚོས་ཡུ་རོབ་ནང་གི་ས་ཁུལ་དེའི་བདེ་འཇགས་ལ་འགན་ལེན་བྱེད་མ་ཐུབ་ན། ང་ཚོས་རང་ཉིད་དང་ཡུ་རོབ་ཚང་གི་བདེ་འཇགས་ལ་འགན་ལེན་ཇི་ལྟར་བྱེད་ཐུབ་བམ་ཞེས་དང་། ང་ཚོ་ཡུག་རེན་ནས་ཀི་ལོ་མི་ཊར་༡༥༠༠ ཙམ་གྱི་སར་གནས་ཡོད་ལ། འཇར་མན་དང་པོ་ལན་ནི་དེ་བས་ཀྱང་ཐག་ཉེར་གནས་ཡོད་པར་བརྟེན། ང་ཚོའི་མཉམ་འབྲེལ་བདེ་འཇགས་ནི་ཧ་ཅང་གལ་ཆེན་རེད། ཡུ་རོབ་པ་རྣམས་ཀྱིས་ཁོང་ཚོའི་མཉམ་འབྲེལ་བདེ་འཇགས་ཆེད་ལས་ཀ་བྱེད་བཞིན་ཡོད་ཅེས་བརྗོད། ཡིན་ཡང་། སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་ལ་བཙན་སྐུལ་གྱིས་ས་ཆ་ཕྱིར་སྤྲོད་དུ་འཇུག་རྒྱུ་ནི་ལས་སླ་པོ་ཞིག་མ་རེད་ཅེས་བརྗོད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་ངོ་གསུམ་གྱི་རིང་། ཨུ་རུ་སུས་ཡུག་རེན་གྱི་ས་ཁྱོན་གྱི་བརྒྱ་ཆ་༢༠ བཟུང་ཡོད་འདུག
གཞན་ཡང་། སྲིད་འཛིན་ཊོམ་གྱིས་ཡུ་རོབ་ཀྱིས་ཡུག་རེན་ལ་དངུལ་གཡར་བཞིན་པ་ལྟར། རྗེས་སུ་ཚུར་རག་གི་ཡོད་པའི་སྐོར་བཤད་པའི་སྐབས། ཧྥ་རན་སིའི་སྲིད་འཛིན་གྱིས་ཨ་རི་དང་འདྲ་བ། ཡུ་རོབ་ཀྱིས་ཡུག་རེན་ལ་རོགས་དངུལ་གྱི་ཚུལ་དུ་དངུལ་སྤྲད་ཡོད་པ་དང་ཁ་ཤས་གཡར་ཡོད་པ་གསལ་བཤད་ཀྱང་བྱས་ཡོད་འདུག
ཕྱོགས་གཉིས་ཀྱི་དབུ་ཁྲིད་བར་གྱི་མཇལ་འཕྲད་དེ་ནི་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་བརྒྱབ་ནས་ལོ་ངོ་གསུམ་འཁོར་བའི་དུས་སུ་ཆགས་ཡོད་པ་མ་ཟད། སྲིད་འཛིན་ཊོམ་གྱིས་ཡུག་རེན་གྱི་སྲིད་འཛིན་ལ་སྒེར་གཅོད་པ་ཞེས་བརྗོད་པའི་རྗེས་དང་། ལྷག་པར་དུ་ཨ་རི་དང་ཡུ་རོབ་ཀྱི་འབྲེལ་ལམ་ལ་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་སུ་ཐུག་འཕྲད་བྱས་པ་ཞིག་ཆགས་ཡོད་འདུག
གཞན་ཡང་། ཟླ་འདིའི་ཚེས་༢༥ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་ཨུ་རུ་སུའི་དམག་དཔུང་རྣམས་ཡུག་རེན་ནས་ཕྱིར་འཐེན་བྱེད་དགོས་པ་དང་། དམག་འཁྲུག་ལ་སྐྱོན་བརྗོད་བྱས་པའི་གྲོས་ཆོད་གཅིག་ལ། ཡུ་རོབ་རྒྱལ་ཁབ་མང་ཆེ་བ་གཙོས་རྒྱལ་ཁབ་༩༣ གྱིས་རྒྱབ་སྐྱོར་བྱས་ཡོད་ན་ཡང་། ཨ་རི་དང་ཨུ་རུ་སུ། ཨི་སི་རེལ། བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་༡༨ ཀྱིས་དགག་བྱ་བྱས་ཡོད་འདུག དམག་འཁྲུག་འགོ་བཙུགས་ནས་བཟུང་། ཨ་རི་ཨུ་རུ་སུའི་ཕྱོགས་སུ་ལངས་ནས་རྒྱལ་ཚོགས་སུ་འོས་འཕངས་པ་ཐོག་མ་དེ་ཆགས་ཡོད་འདུག
ན་ནིང་རྒྱལ་ཁབ་༡༤༠ ལྷག་གིས་ཨུ་རུ་སུའི་བཙན་འཛུལ་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ཨུ་རུ་སུའི་དམག་དཔུང་ཡུག་རེན་ནས་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་འདུག ཁ་སང་འོས་འཕེན་གྱི་གྲུབ་འབྲས་ལྟར་ན། ཡུག་རེན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།