ཨ་རི་ནམ་ཡང་ཨུ་རུ་སུས་གྲོས་མོལ་ལ་ཁ་གཡར་ནས་དུས་འགྱངས་བྱེད་རྒྱུའི་མགོ་སྐོར་འོག་ཏུ་ཚུད་མི་སྲིད་ཅེས་བརྗོད་འདུག

ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་འགོ་བཙུགས་ནས་ལོ་འགའ་ཤས་འགྲོ་བཞིན་ཡོད་ཀྱང་། དམག་འཁྲུག་ད་དུང་མཚམས་འཇོག་བྱེད་ཐུབ་ཀྱི་མེད་པ་དང་། ཟླ་བ་སྔོན་མར་ཡུག་རེན་གྱིས་དམག་འཁྲུག་གནས་སྐབས་ཏེ་ཉིན་༣༠ རིང་མཚམས་འཇོག་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ཨུ་རུ་སུས་ཁས་ལེན་མ་བྱས་ཤིང་། ཐེངས་འདིར་ཨ་རིའི་ཆེས་མཐོའི་དཔོན་རིགས་ཤིག་ནས་པུ་ཌིན་གྱིས་དམག་འཁྲུག་གནས་སྐབས་མཚམས་འཇོག་བྱེད་མིན་དེ་བདུན་གཅིག་གི་ནང་ཚུད་དུ་ཐག་གཅོད་བྱེད་ཀྱི་ཡིན་པར་བརྗོད་འདུག 

ཕྱི་ཚེས་ ༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཆེས་མཐོའི་དཔོན་རིགས་ཤིག་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་བདུན་ཕྲག་གཅིག་གི་ནང་ཚུད་དུ་དམག་འཁྲུག་མཚམས་འཇོག་གི་ཐག་གཅོད་བྱེད་རྒྱུ་ཡིན་པར་བརྗོད་པའི་སྐད་ཆ་འདུག་པ་དང་། དེ་ཡང་ ཁོང་གིས་བདུན་ཕྲག་གཅིག་ནང་ཚུད་ཡིན་པ་ལས་ཟླ་བ་གཅིག་མ་རེད་ཅེས་ནན་བརྗོད་བྱས་ཡོད་འདུག ཉེ་ཆར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་དང་ཨ་རིའི་ཕྱི་འབྲེལ་བློན་ཆེན་གཉིས་ཐུག་འཕྲད་བྱས་ཡོད་འདུག་པ་དང་། ཁོང་གཉིས་ཐུག་རྗེས་ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio)་ཡིས། ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྱི་དམག་འཁྲུག་མཚམས་འཇོག་བྱེད་མིན་མཐའ་མའི་ཐག་གཅོད་ནི་ཨུ་རུ་སུའི་ལག་ཏུ་ཡོད་པར་བརྗོད་འདུག་ལ། དེ་བཞིན་དབྱིན་ཡུལ་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་པུ་ཌིན་གྱིས་དམག་འཁྲུག་དེ་མུ་མཐུད་ནས་རྒྱུན་སྐྱོང་འདོད་ཡོད་པ་ལས་མཚམས་འཇོག་བྱེད་འདོད་མེད་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱས་འདུག་པ་ལྟར། ཨུ་རུ་སུས་ཀྱང་དམག་འཁྲུག་མུ་མཐུད་ནས་རྒྱག་བཞིན་ཡོད་འདུག་ཅིང་། ཉེ་ཆར་ཨུ་རུ་སུས་ཡུག་རེན་གྱི་སྲིད་འཛིན་གྱི་ཕ་ཡུལ་ལ་གཏོར་རྒོལ་དྲག་པོ་བྱས་ཏེ་མི་༡༢ ཙམ་བསད་ཡོད་པར་བརྗོད། 

ཡུག་རེན་གྱི་ནང་དུ་དམག་འཁྲུག་མཚམས་འཇོག་བྱས་ཚེ་ཡོ་རོབ་ཀྱི་ངོས་ནས་ཡུག་རེན་ནང་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་དམག་མི་གཏོང་མིན་ཐད་གྲོས་བསྡུར་རིམ་པ་ཡོང་གི་ཡོད་འདུག ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་ཨ་རིའི་ངོས་ནས་དམག་འཁྲུག་དེ་གང་མགྱོགས་མགྱོགས་ཀྱིས་འཚམས་འཇོག་བྱེད་འདོད་ཡོད་པ་ཨུ་རུ་སུའི་སྲིད་འཛིན་གྱིས་ཤེས་ཀྱི་རེད་ལ། བདུན་གཅིག་གི་ནང་ཚུད་དུ་ལན་སྤྲོད་ཀྱི་རེད། འོན་ཀྱང་། ཨ་རི་ནམ་ཡང་ཨུ་རུ་སུས་གྲོས་མོལ་ལ་ཁ་གཡར་ནས་དུས་འགྱངས་བྱེད་རྒྱུའི་མགོ་སྐོར་འོག་ཏུ་ཚུད་སྲིད་ཀྱི་མ་རེད་ཅེས་བརྗོད་འདུག  པོ་ལན་ཌིའི་ཕྱི་སྲིད་བློན་ཆེན་(Radek Sikorski)ཡིས་ད་ལྟ་ཨུ་རུ་སུ་ལ་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གོ་སྐབས་ཡག་ཤོས་དེ་ཡིན་པ་དང་། གལ་སྲིད་ད་ལྟ་དམག་འཁྲུག་མཚམས་འཇོག་བྱེད་མ་ཐུབ་ཚེ་ཨ་རིའི་གཞུང་གི་ངོས་ནས་སྔར་ལས་ཚབས་ཆེ་བའི་དཔལ་འབྱོར་གྱི་སྒོ་ཁྲལ་འགེལ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་ཡུག་རེན་ལ་གོ་མཚོན་གྱི་ཐོག་ནས་སྔར་ལས་མང་བའི་རོགས་རམ་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།