ཨ་རི་ནས་ཁྲིམས་འགལ་གྱི་གནས་སྤོ་བ་བཙོན་འཇུག་གམ་ཕྱིར་འཕུད་བྱ་རྒྱུ་ཡིན་ཟེར།

ཨ་རིའི་སྲིད་འཛིན་ཐེངས་༤༥ པ་སྐུ་ཞབས་ཌོ་ནལ་ཊོམ་གྱིས་ཨ་རིའི་ནང་གི་ཁྲིམས་འགལ་གྱི་གནས་སྤོ་བ་ས་ཡ་གསུམ་ཙམ་། བཙོན་འཇུག་དང་ཕྱིར་འབུད་བྱ་རྒྱུ་ཡིན་པ་དང་། དེ་ཡང་ཁྲིམས་འགལ་གྱི་གནས་སྤོ་བ་ཡིན་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མྱོང་མཁན་དག་ལ་དམིགས་བཀར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

imagesདེ་ཡང་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་སྐུ་ཞབས་ཊོམ་ལ་ཐེངས་དང་པོར་ཨ་རིའི་བརྙན་འཕྲིན་ཁང་སི་བྷི་ཨེསེ་ནང་བཅར་འདྲི་བྱས་འདུག་པ་དང་། བཅར་འདྲིའི་ནང་ཁོང་གིས་རང་ཉིད་ལ་མི་མང་གིས་མང་མོས་འོས་གྲངས་ཐོབ་མེད་ཀྱང་། ཨ་རིའི་འོས་བསྡུའི་འཐུས་ཚོགས་ཀྱི་འགྲོ་ལུགས་ལ་བརྟེན་ནས་སྲིད་འཛིན་ཐོབ་ཡོད་རེད་དེ། འགྲོ་ལུགས་དེ་མེད་པ་བཟོ་རྒྱུར་རྒྱབ་སྐྱོད་ཡོད་སྐོར་བརྗོད་འདུག

དེ་བཞིན་ཁོང་གིས་ཨ་རིའི་ནང་མཚན་མཐུན་གྱི་ཆང་ས་རྒྱག་པའི་རང་དབང་དེ་ཕྱིར་བསྡུ་བྱེད་དགོས་པ་མཐོང་གི་མེད་པས། དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་རང་སོར་བཞག་རྒྱུ་ཡིན་པ་དང་། འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བསྐོ་བཞག་བྱེད་སྐབས། མངལ་འདོན་གྱི་རང་དབང་ལ་དགག་པ་དང་མེ་མདའ་བདག་ཉར་གྱི་རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་དཔོན་བསྐོ་བཞག་བྱེད་རྒྱུ་ཡིན་པ་དང་། མངལ་འདོན་གྱི་རང་དབང་དེ་མེད་པ་བཟོས་རྗེས།་ཨ་རིའི་མངའ་སྡེ་སོ་སོའི་རང་དབང་དེ་འཇོག་མིན་ཐག་གཅོད་བྱ་རྒྱུའི་རང་དབང་ཡོད་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་ལ་ལོ་རེར་གླ་ཆ་ཨ་སྒོར་འབུམ་བཞི་ཡོད་པ་དང་། ཁོང་གིས་གླ་ཆ་གཅིག་ཀྱང་ལེན་འདོད་མེད་ཀྱང་། ཁྲིམས་དང་བསྟུན་ནས་ལོ་རེར་ཨ་སྒོར་གཅིག་གླ་ཆ་ལེན་རྒྱུ་ཡིན་སྐོར་བརྗོད་འདུག ཁོང་གི་སྔོན་ལ་ཨ་རིའི་སྲིད་འཛིན་གཉིས་ཀྱིས་ལོ་རེའི་གླ་ཆ་མ་བླངས་པ་བྱས་ཡོད་འདུག

བཅར་འདྲི་དེའི་ནང་ཉེ་བའི་ཆར་ཨ་རིའི་ནང་གྲངས་ཉུང་མི་རིགས་དང་གནས་སྤོ་བ་ལ་དབྱེ་འབྱེད་ཀྱི་གནས་ཚུལ་བྱུང་བ་དེས་ཁོང་སེམས་སྐྱོ་པོ་བྱུང་བ་དང་། རང་ཉིད་ཀྱི་རྒྱབ་སྐྱོར་བ་ཚང་མར་བྱ་སྤྱོད་དེའི་རིགས་ལ་མི་ཞུགས་པའི་རེ་སྐུལ་ཐོག་ཁོང་གིས་ཨ་རི་དེ་ཆིག་སྒྲིལ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་ཁོང་སྲིད་འཛིན་འདེམས་ཐོན་བྱུང་སྐབས་ངོ་རྒོལ་ཤུགས་ཆེན་བྱུང་བ་དེ་ཧ་ལས་དགོས་པ་ཞིག་ཡིན་པ་དང་། དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་ཆུང་ཆུང་ཚང་མ་ཡར་བཏོན་ནས་གནོན་ཤུགས་བརྒྱུད་སྐུལ་བྱས་པ་ཡིན་སྐོར་བརྗོད་འདུག

ཁོང་གིས་ཁ་ཆེ་འཇིག་སྐུལ་རིང་ལུགས་པ་རྩ་མེད་བཟོ་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།