ཨ་རི་ནས་བོད་པའི་སློབ་མ་ཞིག་ལ་གཟེངས་རྟགས་བཅོ་ལྔ་ཐོབ་ཡོད་འདུག

འདི་གར་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། བོད་ཀྱི་ན་གཞོན་སློབ་མ་ཀརྨ་ཆོས་གྲགས་ལགས་ཉེ་ཆར་ཨ་རིའི་ཨོཀ་ལཱ་ཧོ་མ་གཙུག་ལག་སློབ་གཉེར་ཁང་(University of Oklahoma)ནས་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་ཏེ། ཕུལ་བྱུང་སློབ་མའི་གྲལ་དུ་འདེམས་ཐོན་བྱུང་ནས་ཁོང་ལ་<Outstanding MIS Senior>ཞེས་པའི་གཟེངས་རྟགས་དེ་ཐོབ་ཡོད་འདུག

དེ་ཡང་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ལ་བརྟེན་ནས། ཨོཀ་ལཱ་ཧོ་མ་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་༢༠༢༠ ལོའི་སློབ་ཐོན་མཛད་སྒོ་དེ་དངོས་སུ་འཚོགས་མ་ཐུབ་པར་དྲ་ལམ་བརྒྱུད་ནས་འཚོགས་དགོས་ཁེལ་ཡོད་འདུག་ཅིང་། སྐབས་དེར་གཙུག་ལག་སློབ་གཉེར་ཁང་དེས་སྦྱང་འབྲས་གཟེངས་སུ་ཐོན་མཁན་གྱི་ཕུལ་བྱུང་སློབ་མ་འགའ་ཞིག་ལ་གཟེངས་རྟགས་མི་འདྲ་བ་ཁག་ཅིག་གནང་ཡོད་པའི་ཁྲོད་ནས། ཀརྨ་ཆོས་གྲགས་ལགས་ལ་<Outstanding MIS Senior> ཞེས་པའི་གཟེངས་རྟགས་དེ་ཐོབ་ཡོད་འདུག་པ་དང་། གཟེངས་རྟགས་དེ་ནི་གློག་ཀླད་མཉེན་ཆས་བཟོ་སྐྲུན་དང་ཚོང་འབྲེལ་ལས་དོན་སློབ་སྦྱོང་ཐད་ཕུལ་དུ་བྱུང་བའི་སློབ་མ་ལ་གནང་གི་ཡོད་པ་རེད་འདུག

གཞན་ཡང་ཕྱི་ལོ་༢༠༡༦ ནས་༢༠༢༠ བར་ལོ་ངོ་བཞིའི་རིང་ཀརྨ་ཆོས་གྲགས་ལགས་ཀྱིས་གཙུག་ལག་སློབ་གཉེར་ཁང་དེ་ནས་སློབ་སྦྱོང་གནང་བའི་དུས་ཡུན་ནང་། ལོ་བཞི་གའི་ལོ་འཁོར་རྒྱུགས་འབྲས་བཞི་ཆར་གནས་རིམ་དང་པོའི་དང་པོ་( 4.0 GPA)ལ་སོན་ཡོད་སྐོར་དང་། ཁོང་ལ་གཟེངས་རྟགས་ཆེ་ཁག་མི་འདྲ་ལྔ་ཐོབ་ཡོད་སྐོར་བཅས་ཨོཀ་ལཱ་ཧོ་མ་གཙུག་ལག་སློབ་གཉེར་ཁང་གི་གཞུང་འབྲེལ་དྲ་རྒྱའི་ནང་བཀོད་འདུག་པ་མ་ཟད། འདས་པའི་ལོ་བཞིའི་ནང་ཁོང་གིས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་གཉིས་ཀའི་སློབ་སྦྱོང་དུས་གཅིག་ལ་བཅད་པའི་ཐོག་ཁྱོན་ཁོང་ལ་གཟེངས་རྟགས་བཅོ་ལྔ་ཐོབ་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་༠༥ པའི་ཚེས་༠༨ ཉིན་འདི་ལོའི་གཙུག་ལག་སློབ་གཉེར་ཁང་དེས་སློབ་ཐོན་མཛད་སྒོ་དེ་དྲ་ཐོག་ནས་འཚོགས་སྐབས་ཀྱང་ཁོང་ཉིད་པཱི་ར་སི་ཚོང་ལས་མཐོ་སློབ་<Price College of Business>ཀྱི་ཤེས་ཚན་བྱེ་བྲག་པའི་ཚབ་མཚོན་མི་སྣ་རུ་བདམས་ཐོན་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།