ཨ་རི་ནས་རྒྱ་གར་བ་༢༠༥ ཙམ་ཕྱིར་འཕུད་བཏང་ནས་དེ་རིང་ཨམ་རེ་སའི་གནམ་ཐང་དུ་འབྱོར་གྱི་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་ཡོད་པའི་ཕྱི་ཕྱོགས་ནས་ཁྲིམས་འགལ་ཐོག་ཡོང་མཁན་ཚོ་ཕྱིར་འཕུད་གཏོང་གི་ཡིན་ཞེས་བརྗོད་པ་བཞིན། ད་ཆར་ཕྱི་མི་ཁྲིམས་འགལ་ཐོག་ནས་ཨ་རིའི་ནང་ཡོང་མཁན་མེག་སི་ཀོ་དང་། ཀོ་ལོམ་བྷི་ཡ། རྒྱ་གར་སོགས་ནས་ཡོང་མཁན་ཚོ་ཕྱིར་འཕུད་གཏོང་འགོ་བཙུགས་ཡོད་འདུག་ཅིང་། ཨ་རིའི་དམག་གི་གནམ་གྲུ་ཞིག་གིས་རྒྱ་གར་གྱི་མི་སེར་༢༠༥ ཁུར་ནས་དེ་རིང་ཉིན་རྒྱབ་པ་འཇབ་མངའ་སྡེའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་རྒྱུ་ཡིན་འདུག
ཕྱི་ཚེས་༥ ཉིན་(The Hindu)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་ལོ་རེ་བཞིན་ཕྱི་ཕྱོགས་ནས་ཁྲིམས་འགལ་ཐོག་སྐྱབས་བཅོལ་བ་མང་པོ་ཡོང་བཞིན་ཡོད་པ་དང་། ཁྲིམས་འགལ་ཐོག་ནས་ཡོང་བའི་ཕྱི་མི་དེ་དག་ཨ་རི་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་ཞེས་ཊོམ་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་ཤུགས་ཆེན་པོ་གླེང་སློང་བྱས་ཡོད་པར་བརྟེན། ད་ཆར་ཊོམ་ཨ་རིའི་སྲིད་འཛིན་ཆགས་ཡོད་པའི་སྐབས་སུ་ཕྱི་མི་ཁྲིམས་འགལ་བ་དག་ཕྱིར་འཕུད་གཏོང་བཞིན་ཡོད་འདུག་ལ།
ཉེ་ཆར་ཨ་རིའི་ནང་ཡོད་པའི་རྒྱ་གར་བ་ཁྲིམས་འགལ་ཐོག་ནས་ཡོང་མཁན་ཚོ་ཕྱིར་འཕུད་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་འདུག་པ་དང་། ཨ་རིའི་ནང་ཡོད་པའི་རྒྱ་གར་བ་ཁྱོན་༢༠༥ ཨ་རིའི་(Texas)མངའ་སྡེའི་གྲོང་ཁྱེར་(San Antonio)ནས་འཛིན་བཟུང་བྱས་ཏེ་དེ་རིང་ཉིན་རྒྱབ་པ་འཇབ་མངའ་སྡེའི་(hri Guru Ramdas Ji)རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་རྒྱུ་ཡིན་འདུག པ་འཇབ་མངའ་སྡེའི་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་པའི་འགོ་ཁྲིད་(Gaurav Yadav)ཟེར་བ་དེས་ཁ་སང་ཨ་རི་ནས་ཕྱིར་འཕུད་བཏང་བའི་རྒྱ་གར་བ་ཚོ་སྣེ་ལེན་ཞུ་རྒྱུ་ཡིན་པ་དང་། གནམ་ཐང་དུ་རྩིས་ཞིབ་བྱེད་རྒྱུ་ཡིན་པར་བརྗོད་འདུག
པ་འཇབ་མངའ་སྡེའི་ཕྱི་མི་གནས་སྤོའི་བདེ་དོན་བློན་ཆེན་(Kuldeep Singh Dhaliwal)ཡིས་ཁ་སང་ཨ་རིའི་གཞུང་གིས་རྒྱ་གར་བ་ཕྱིར་འཕུད་རྒྱུའི་ཐག་གཅོད་བྱུང་བ་དེ་ལ་ཧ་ཅང་གིས་བློ་ཕམ་ཆེན་པོ་བྱུང་ཡོད་པ་དང་། ཨ་རིའི་ནང་ཡོད་པའི་རྒྱ་གར་བ་ཚོས་ལས་ཀ་བྱས་ནས་ཨ་རིའི་དཔལ་འབྱོར་ཡར་རྒྱས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཡོད་པར་བརྟེན། ཁོང་ཚོ་ངེས་པར་དུ་ཨ་རིའི་ནང་འཇོག་དགོས་པར་བརྗོད་འདུག ད་དུང་བློན་ཆེན་དེས་བདུན་ཕྲག་རྗེས་མར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་(S Jaishankar)ཐུག་ནས་ཨ་རིའི་ནང་ཡོད་པའི་པ་འཇབ་མི་རིགས་ཀྱི་བདེ་དོན་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་གར་ནང་དུ་ཡོད་པའི་པ་འཇབ་མི་རིགས་རྣམས་མ་འོངས་པར་ནུབ་ཕྱོགས་སུ་ཁྲིམས་འགལ་ཐོག་ནས་མ་འགྲོ་ཞེས་ལམ་སྟོན་བྱས་ཡོད་འདུག་ཅིང་། གལ་སྲིད་ནུབ་ཕྱོགས་སུ་འགྲོ་འདོད་ཡོད་ཚེ་ཁྲིམས་མཐུན་ཐོག་ནས་འགྲོ་ཐུབ་ན་ལེགས་ཚུལ་གསུངས་ཡོད་འདུག ཨ་རིའི་ནང་རྒྱ་གར་བ་༡༨༠༠༠ ཙམ་ལ་ཡིག་ཆ་གང་ཡང་མེད་པའི་ཐོག་ནས་ཨ་རིའི་ནང་གནས་སྡོད་བྱེད་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།