ཨ་རི་ཡིས་རྒྱ་ནག་དང་ཁེ་ན་ཌ། མེག་སི་ཀོ་བཅས་དང་ལྷན་དུ་ཚོང་དམག་གསར་པ་ཞིག་འགོ་འཛུགས་བྱས་འདུག

ཊོམ་ཨ་རིའི་ཕོ་བྲང་དཀར་པོའི་ནང་སླེབས་ནས་ཉིན་གྲངས་༡༤ ལས་ཕྱིན་མེད་ཀྱང་། དུས་ཡུན་ཐུང་ཐུང་ཞིག་ནང་རྒྱལ་སྤྱིའི་གནད་དོན་ཧ་ཅང་མང་པོ་ཞིག་ལ་ཨ་རི་ཡིས་ཤུགས་རྐྱེན་སྤྲད་ཡོད་ཅིང་། དམིགས་བསལ་ཨ་རི་དང་ལོ་མང་རིང་ཚོང་དང་དམག་དོན་སོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་མཉམ་ལས་བྱེད་མྱོང་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་ད་ཆར་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་འདུག 

ཕྱི་ཚེས་༢ ཉིན་བྷི་བྷི་སི་དང་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་དང་ཁེ་ན་ཌ། མེག་སི་ཀོ་བཅས་ནས་ཨ་རིར་ནང་འདྲེན་བྱེད་པའི་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རྒྱུའི་མཚན་རྟགས་བཀོད་ཡོད་འདུག་པ་དང་། དེ་ཡང་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠ དང་ཁེ་ན་ཌའི་དངོས་ཟོག་ཐོག་བརྒྱ་ཆ་༢༥ མེག་སི་ཀོའི་དངོས་ཟོག་ཐོག་བརྒྱ་ཆ་༢༥ འགེལ་རྒྱུ་ཡིན་འདུག ཊོམ་གྱིས་མཚན་རྟགས་བཀོད་པའི་ཁྲིམས་དེ་བདུན་འདིའི་གཟའ་མིག་དམར་ཉིན་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་འདུག་ཅིང་།  ཨ་རིའི་སྲིད་འཛིན་གྱིས་སྒོ་ཁྲལ་དེ་ལྟར་འགེལ་དགོས་དོན་ནི་རྒྱལ་ཁབ་དེ་དག་ལས་ཁྲིམས་འགལ་ཐོག་ནས་ཕྱི་མི་སྐྱབས་བཅོལ་བ་མང་པོ་ཞིག་ཨ་རིའི་ནང་འཛུལ་གྱི་ཡོད་པ་དང་། དེ་བཞིན་མྱོས་རྫས་བཟི་སྨན་རིགས་ཀྱི་ནག་ཚོང་མང་པོ་ཞིག་རྒྱལ་ཁབ་དེ་དག་ནས་ཡོང་གི་ཡོད་པར་བརྗོད་འདུག གནད་དོན་གཞན་ཞིག་ནི་ད་ཆར་ཨ་རི་ཡིས་དངོས་ཟོག་མང་པོ་ཞིག་རྒྱལ་ཁབ་གཞན་ནས་ཉོ་བ་ལས་རྒྱལ་ནང་དུ་བཟོ་ཡི་མེད་པའི་རྐྱེན་གྱིས་མ་འོངས་པར་རྒྱལ་ནང་དུ་དངོས་ཟོག་མང་ཙམ་བཟོ་སྐྲུན་བྱེད་ཆེད་དུ་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་པའི་དངོས་ཟོག་ཐོག་ལ་སྒོ་ཁྲལ་བཀལ་ནས་བཀག་འགོག་བྱེད་ཆེད་དུ་ཡིན་པར་བརྗོད་ཡོད་འདུག 

གནད་དོན་དེ་དག་ནི་ཊོམ་སྲིད་འཛིན་ལང་རྒྱུའི་དྲིལ་བསྒྲགས་བྱེད་དུས་ནས་བརྗོད་པའི་གནད་དོན་གལ་ཆེན་དག་ཡིན། འོན་ཀྱང་། ཨ་རི་ཡིས་སྒོ་ཁྲལ་བགེལ་རྒྱུའི་གསལ་བསྒྲགས་བྱས་རྗེས་ཁེ་ན་ཌ་དང་མེག་སི་ཀོ་གཉིས་ཀྱིས་ཨ་རིའི་དངོས་ཟོག་དག་ལ་ཡང་སྒོ་ཁྲལ་བརྒྱ་ཆ་༢༥ བཀལ་ནས་ཁ་གཏད་གཅོག་རྒྱུ་ཡིན་པར་བརྗོད་འདུག ཁེ་ན་ཊའི་སྲིད་བློན་གྱིས་ཨ་རི་དང་ཁེ་ན་ཌ་གཉིས་འདས་པའི་དུས་ཡུན་རིང་པོ་ནས་མཐུན་གྲོགས་ཡིན་པ་དང་། མ་འོངས་པར་ཡང་མཐུན་གྲོགས་བྱས་ནས་འདུག་རྒྱུའི་རེ་བ་བྱེད་བཞིན་ཡོད། འོན་ཀྱང་། དེ་རིང་ཁེ་ན་ཌའི་ངོས་ནས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རྒྱུ་ནི་གདམ་ཀ་གང་ཡང་མེད་པའི་ཐོག་ནས་ཁ་གཏད་གཅོག་དགོས་བྱུང་སོང་ཞེས་དང་། ཨ་རི་ཡིས་ཁེ་ན་ཌའི་དངོས་ཟོག་ཐོག་སྒོ་ཁྲལ་བཀལ་བ་དེ་ཡིས་ཁེ་ན་ཌ་གཅིག་པུ་ལ་གྱོང་གུད་སྤྲད་པ་མ་ཡིན་པར། ཨ་རིའི་རྒྱལ་ནང་གི་དངོས་ཟོག་རྣམས་ཀྱི་རིན་གོང་འཕར་ནས་མི་མང་གི་འཚོ་བ་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་བརྗོད་འདུག 

སྤྱིར་བཏང་ཨ་རི་དང་མེག་སི་ཀོ ཁེ་ན་ཌ་བཅས་རྒྱལ་ཁབ་གསུམ་གྱི་བར་དཔལ་འབྱོར་མཉམ་ལས་ཐད་ཧ་ཅང་གིས་འབྲེལ་བ་ཟབ་པོ་ཡོད་འདུག་ཅིང་། ལོ་སྔོན་མ་གཅིག་པུ་རྒྱལ་ཁབ་གསུམ་གྱི་བར་ཨ་སྒོར་ཐེར་འབུམ་༢ ཙམ་གྱི་ཚོང་འབྲེལ་བྱུང་ཡོད་འདུག དེ་བཞིན་ན་ནིང་གཅིག་པུར་ཨ་རི་ཡིས་ཕྱི་ཕྱོགས་ནས་ཉོས་པའི་རྡོ་སྣུམ་བརྒྱ་ཆ་༦༡ དེ་ཁེ་ན་ཌ་ནས་ཉོས་ཡོད་འདུག་ལ། དེ་བཞིན་ཨ་རི་ཡིས་ཁེ་ན་ཌ་ནས་ཚལ་དང་གྱོན་ཆས། ཤིང་ཏོག་ཁུ་བ་སོགས་ཨ་སྒོར་ཐེར་འབུམ་༡༠༥ ཙམ་གྱི་ཚོང་འབྲེལ་བྱེད་ཀྱི་ཡོད་འདུག ཨ་རི་ཡིས་སྒོ་ཁྲལ་འགེལ་རྒྱུའི་གསལ་བསྒྲགས་སྤེལ་བ་དང་། ཁེ་ན་ཌའི་སྲིད་བློན་གྱིས་ཐེངས་འདིར་ཨ་རི་ཡིས་ཁེ་ན་ཌའི་དངོས་ཟོག་ཐོག་སྒོ་ཁྲལ་བཀལ་བ་ནི་ཨ་རི་དང་ཁེ་ན་ཌ་གཉིས་བར་བཞག་པའི་གྲོས་མཐུན་རྣམས་དང་འགལ་ཡོད་ཅིང་། མ་འོངས་ཨ་རི་ཡིས་སྒོ་ཁྲལ་ག་ཚོད་སྤར་ནའང་ཁེ་ན་ཌ་ཡིས་དེའི་ཚོད་སྤར་རྒྱུ་ཡིན་པར་བརྗོད་འདུག་པ་དང་། ཨ་རིའི་གཞུང་གིས་ཁེ་ན་ཌའི་ངོས་ནས་ཨ་རི་གཞུང་དང་ལྷན་དུ་མཉམ་ལས་བྱས་ཏེ་ས་མཚམས་ནས་ཁྲིམས་འགལ་ཐོག་སྐྱབས་བཅོལ་དུ་ཡོང་མཁན་དང་ནག་ཚོང་རྒྱག་མཁན་དག་འགོག་རྒོལ་ལ་རོགས་རམ་མ་བྱས་བར་སྒོ་ཁྲལ་འགེལ་རྒྱུའི་ཕྱིར་འཐེན་བྱེད་རྒྱུ་མིན་པར་བརྗོད་འདུག

མེག་སི་ཀོའི་སྲིད་འཛིན་(Claudia Sheinbaum)ཡིས་ཁོང་མོའི་དཔལ་འབྱོར་བློན་ཆེན་ལ་བཀའ་བཏང་ནས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༢༥ འགེལ་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་འདུག་ལ། མེག་སོ་ཀོ་ནས་ཨ་རི་ནང་ཕྱི་མི་སྐྱབས་བཅོལ་དུ་ཡོང་མཁན་དང་། ནག་ཚོང་རིགས་མང་ཤོས་མེག་སི་ཀོ་ནས་ཡོང་གི་ཡོད་འདུག དེ་བཞིན་རྒྱ་ནག་ནས་བཟོས་པའི་དངོས་ཟོག་མང་པོ་ཞིག་མེག་སི་ཀོ་བརྒྱུད་ནས་ཨ་རིའི་ནང་དུ་ནང་འདྲེན་བྱེད་ཀྱི་ཡོད་པར་བརྟེན། ཊོམ་གྱིས་མེག་སི་ཀོའི་དངོས་ཟོག་རྣམས་ལ་སྒོ་ཁྲལ་འགེལ་རྒྱུ་ཡིན་པར་བརྗོད་འདུག་ལ། མེག་སི་ཀོ་ནས་བཟོས་པའི་རླངས་འཁོར་གྱི་ཁྲོམ་རྭ་གཙོ་བོ་ནི་ཨ་རི་ཡིན་འདུག

ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠ འགེལ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ལ་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོའི་ཐོག་ནས་ཨ་རི་ཡི་བྱ་སྤྱོད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་ཁྲིམས་དང་འགལ་གྱི་ཡོད་པར་བརྟེན། རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ནང་ཁྲིམས་གཏུག་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག་ལ། ཨ་རི་ཡིས་རང་གི་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པ་བརྗོད་འདུག 

མདོར་ན་ཨ་རིའི་ལྷོ་དང་བྱང་ལ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་ཕྱི་མི་སྐྱབས་བཅོལ་བ་གཏོང་བ་དང་། ནག་ཚོང་རྒྱག་པ་སོགས་ཀྱིས་ཨ་རིའི་མི་སེར་གྱི་བདེ་འཇགས་ལ་གནོད་ཀྱི་ཡོད་པར་བརྗོད་ནས་སྒོ་ཁྲལ་འགེལ་གྱི་ཡོད་པ་སྲིད་འཛིན་ཊོམ་གྱིས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།