ཨ་རི་ལ་རྒྱ་མི་ཞིག་གིས་མེ་མདའ་བརྒྱབ་ནས་ལས་རོགས་བདུན་བསད་ཡོད་འདུག

ཟླ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ནང་མི་གསོད་དོན་རྐྱེན་བྱུང་ནས་ཉིན་གཉིས་ཀྱི་རྗེས་སུ་སླར་ཡང་མི་ཞིག་གིས་མེ་མདའ་བརྒྱབ་ནས་མི་བདུན་བསད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༣ ཉིན་ཨ་རིའི་མངའ་སྡེ་སན་ཧྥུ་རན་སིས་ཁོ་ཡི་ལྷོ་ཕྱོགས་སུ་ཆགས་པའི་ཧ་ཕོ་མོང་བྷེ་(Half Moon Bay) ཞེས་པའི་གྲོང་ཁྱེར་ལ་གནས་སྡོད་བྱེད་མཁན་ཊོའོ་ཁྲུན་ལི་(Zhao Chunli) ཞེས་པའི་རྒྱ་མི་ཞིག་གིས་མེ་མདའ་བརྒྱབ་ནས་ཁོང་ཉིད་ཀྱི་ལས་རོགས་རྒྱ་མི་༧ བསད་ཡོད་པ་དང་། མི་གཅིག་ལ་རྨས་སྐྱོན་ཚབ་ཆེན་ཕོག་ནས་ད་ལྟ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་མི་དེ་དགུང་ལོ་༦༧ ཡིན་པ་དང་ས་གནས་དེར་ཞིང་ལས་གཉེར་ནས་ལོ་མང་ཕྱིན་ཡོད་འདུག ཁོང་གིས་གྲོང་ཁྱེར་དེའི་ཤ་མོ་འདེབས་སའི་ཞིང་ཁའི་ནང་མེ་མདའ་བརྒྱབ་ནས་མི་གསུམ་བསད་ཡོད་པ་དང་། དེའི་རྗེས་ས་ཁུལ་དེ་ནས་ལེ་དབར་གཉིས་ཙམ་ཡོད་སའི་ཞིང་ཁའི་ནང་མེ་མདའ་བརྒྱབ་ནས་མི་བཞི་བསད་ཡོད་འདུག  མེ་མདའི་དོན་རྐྱེན་དེ་ས་གནས་ཀྱི་ཆུ་ཚོད་༢།༠༠ ཙམ་ལ་ས་གནས་མ་འདྲ་བ་གཉིས་ལ་བྱུང་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་༤ པ་ཙམ་ལ་ས་གནས་ཉེན་རྟོག་པས་ཁོང་ཉིད་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༡ གི་མཚན་མོ། ལོ་ན་༧༢ ལ་སོན་མཁན་ཧུབ་ཁན་ཊི་རན་(Huu Can Tran) ཞེས་པའི་རྒས་པོ་ཞིག་གིས་ཨ་རིའི་ཁ་ལི་ཧྥོ་ནེ་ཡའི་མངའ་སྡེ་ནང་མོང་ཊེ་རེ་(Monterey Park) ཞེས་པའི་ས་གནས་སུ་མི་རྣམས་ཀྱིས་ལོ་གསར་གྱི་དགོང་ཚོགས་ལ་རོལ་བཞིན་པའི་སྐབས་སུ་མེ་མདའ་གང་བྱུང་བརྒྱབ་ནས་མི་༡༡ བསད་ཡོད་པ་དང་། མི་༡༠ ལྷག་ལ་རྨས་སྐྱོན་བཏང་ཡོད་འདུག དོན་རྐྱེན་དེ་བྱུང་ནས་ཉིན་གཉིས་ལས་མ་ཕྱིན་པ་མེ་མདའི་དོན་རྐྱེན་འདི་བྱུང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply