ཨ་རིའི་༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ལ་རྒྱ་ནག་གིས་དགག་པ་བརྒྱབ་འདུག 

བདུན་ཕྲག་གོང་མའི་རེས་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ནས་དངོས་སུ་ཁྲིམས་ལ་གཏན་འབེབས་གནང་སྟབས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་ཁྲིམས་གསར་པ་དེར་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་བཤད་འདུག 

རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སྐབས། ལས་ཁུངས་དེའི་མགྲིན་ཚབ་པས་བོད་དང་འབྲེལ་བའི་གནད་དོན་རྣམས་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ཞིག་ཡིན་ཞེས་བཤད་དེ་ཨ་རིའི་བོད་དོན་དང་འབྲེལ་བའི་ཁྲིམས་གསར་པར་ངོ་རྒོལ་དང་དགག་པ་བྱས་འདུག 

གསར་དུ་གཏན་ལ་ཕབ་པའི་ཁྲིམས་དེའི་ནང་། ༧གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་བྱེད་པའི་དབང་ཚད་དང་བདག་དབང་ཆ་ཚང་བོད་མི་རང་ལ་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཅིག་འཛུགས་པའི་དགོས་འདུན་སོགས་འཁོད་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།