ཨ་རིའི་༩/༡༡ དོན་རྐྱེན་གྱི་གསང་བའི་ཡིག་ཆ་གང་མགྱོགས་ཁྱབ་བསྒྲགས་བྱ་འཆཪ།
ཨ་རིའི་དཔོན་རིགས་ཉུང་ཤས་ཤིག་གིས་མ་གཏོགས་མཐོང་མྱོང་མེད་པའི་གསང་བའི་ཡིག་ཆ་དེ་ཨ་རིའི་གྲོས་ཚོགས་ཀྱི་མཉམ་འབྲེལ་རྒྱུན་ལས་ལྷན་ཚོགས་ཤིག་གིས་བཏོན་པའི་རྗེས། ཨ་རིའི་གྲོས་ཚོགས་ཚོགས་ཁང་གི་བདེ་འཇགས་ཀྱི་ས་ཆ་ཞིག་ཏུ་ཉར་ཚགས་བྱེད་མུས་ཡིན་ཞིང་། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཡིག་ཆ་དེ་ཕྱིར་ཁྱབ་བསྒྲགས་བྱ་དགོས་པའི་གྲོས་འཆཪ་འདོན་མཁན་བྱུང་ཡོད་ལ། ཡིག་ཆའི་མ་ཟིན་རྩོམ་སྒྲིག་ནང་མཉམ་ཞུགས་བྱེད་མྱོང་མཁན་གྱི་ཁྲོད་དུའང་དེ་མཚུངས་ཀྱི་རེ་འདུན་བཏོན་མཁན་བྱུང་ཡོད།
ལོ་༡༥ སྔོན་འཇིགས་སྐུལ་རིང་ལུགས་པ་སྐོར་ཞིག་གིས་འགྲུལ་སྐྱེལ་གནམ་གྲུ་༤ བཙན་ཁྲིད་ཀྱིས་ནུའུ་ཡོག་འཛམ་གླིང་ཚོང་འབྲེལ་ལྟེ་གནས་དང་། ཝ་ཤིང་ཌོན་ཌི་སི་ཡི་པན་ཊ་གྷོན། ཕཎ་སཱེལ་ཝེ་ནི་ཡཱ་ཞེས་པའི་ཞིང་ལས་ས་ཁུལ་བཅས་སུ་རྡུང་པའི་གཏོར་རྒོལ་ཚབས་ཆེན་བྱས་པ་ལྟར། ཕྱི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་འཇབ་རྒོལ་བར་རྒྱབ་སྐྱོར་བྱས་པའི་ཞིབ་ཕྲའི་འགྲེལ་བརྗོད་ཀྱི་ཡིག་ཆ་དེ་གང་མགྱོགས་ཕྱིར་ཁྱབ་བསྒྲགས་བྱ་སྲིད་པ་རེད།
སྤྱིར་ཡིག་ཆ་དེ་སྔོན་ནས་གསང་བའི་འོག་ཉར་ཚགས་བྱས་ཡོད་ཀྱང་། ཡིག་ཆ་དེར་རྒྱུས་མངའ་ཡོད་མཁན་གྱི་མིས་སཱ་རྡི་ཨ་རབ་བྷི་ཡ་དང་འཇིགས་སྐུལ་འཇབ་རྒོལ་བ་དེ་དག་བར་འབྲེལ་བ་ཡོད་པའི་ཤུགས་བསྟན་གྱི་གོ་བ་འདེང་ངེས་ཤིག་སྤྲོད་ཡོད་སྟབས། མི་རྣམས་ཀྱིས་ཡིག་ཆ་དེའི་ནང་ཡང་སྙིང་འབྲེལ་བ་ཇི་ལྟར་ཆགས་པའི་ཞིབ་ཕྲའི་ནང་དོན་ཤེས་འདོད་ཧ་ཅང་ཆེ་བ་རེད།
གྲོས་ཚོགས་གོང་མིའི་འཐུས་མི་ཟུར་པ་གྷི་རཱ་ཧམ་སྐབས་དེར་གྲོས་ཚོགས་མཉམ་འབྲེལ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་ཞིང་། ཁོང་གིས་རེས་གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་ཡོངས་རྒྱང་སྒྲོག་ལས་ཁུངས་བརྙན་འཕྲིན་གྱི་“བརྒྱུད་ལམ་དང་མཇལ་འཕྲད་”ཞེས་པའི་ལེ་ཚན་གྱི་བཅར་འདྲི་དང་ལེན་སྐབས་བརྗོད་དོན། ཡིག་ཆ་དེ་ངེས་པར་དུ་ཕྱིར་ཁྱབ་བསྒྲགས་ཀྱི་ལམ་ནས་ཡིག་ཆ་དེའི་ནང་དོན་ཡང་སྙིང་ཅི་ཞིག་ཡིན་མིན་སྐོར་གྱི་བགྲོ་གླེང་མཇུག་བསྡུ་སྟེ། ཨ་རིའི་མང་ཚོགས་རྣམས་ལ་དེའི་ཁྲོད་ཀྱི་ནང་དོན་ཐད་རང་ཉིད་ཀྱིས་བརྡར་ཤ་གཅོད་བཅུག་དགོས། གསར་འགོད་པས་ཡིག་ཆ་དེས་ཤུགས་རྐྱེན་ངན་པ་ཆེན་པོ་བཟོ་སྲིད་མིན་སྐོར་དྲིས་སྐབས། སྐུ་ཞབས་གྷི་རཱ་ཧམ་གྱིས་བཟོ་སྲིད་པའི་མོས་མཐུན་བྱས།
ཁོང་གིས་“གནམ་གྲུ་བཙན་ཁྲིད་པ་༡༩ ཁྲོད་ཀྱི་མི་༡༥ སཱ་རྡི་ཨ་རབ་བྷི་ཡའི་མི་ཡིན་པ་དང་། མི་དེ་དག་ལ་ཕྱིའི་རོགས་སྐྱོར་ཐོབ་ཡོད་མེད་ནི་ཕྱི་ལོ་༢༠༠༡ ལོའི་ཟླ་༩ ཚེས་༡༡ ཉིན་གྱི་འཇབ་རྒོལ་དོན་རྐྱེན་དང་ཐད་ཀར་འབྲེལ་བ་ཡོད་པའི་ཐག་གཅོད་མ་བྱུང་པའི་གནད་དོན་གཙོ་བོ་རེད། འཇབ་རྒོལ་དེའི་ཁྲོད་མི་༣༠༠༠ ལ་ཉེ་བ་འདས་གྲོངས་སུ་གྱུར།
གྷི་རཱི་ཧམ་གྱིས་བརྗོད་རྒྱུར། “མི་དེ་དག་གིས་དབྱིན་སྐད་བཤད་མི་ཤེས་ཤིང་། སྔོན་མ་ཨ་རིར་ཁྱོན་ནས་སླེབས་མ་མྱོང་པ་མ་ཟད། ཁྱོན་ཡོངས་ཀྱི་རིག་གནས་ཆུ་ཚད་ཀྱང་མཐོ་བོ་མིན། ངས་བསམས་ན་མི་དེ་དག་གིས་དོན་དག་དེ་འདྲ་ཞིག་བསྒྲུབས་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དེར་བརྟེན། ཡང་སྙིང་སུས་ཁོང་ཚོར་ལ་མཐུན་འགྱུར་རོགས་རམ་བྱ་སྲིད་དམ་ཞེ་ན། ངས་བལྟས་ན་བདེན་དཔང་ཡོད་ཚད་སཱ་རྡི་ཨ་རབ་བྷི་ཡའི་ཐོག་ཏུ་ཁ་ཕྱོགས་ཡོད།”
སྲིད་འཛིན་ཟུར་པ་བྷུ་ཤི་ཡིས་བཀའ་ཁྱབ་བཏང་སྟེ་ཤོག་ལེ་༢༨ ཅན་གྱི་ཡིག་ཆ་དེ་གསང་བའི་ཉར་ཚགས་བྱས་པ་དང་། གྲོས་ཚོགས་ཀྱིས་སྤེལ་བའི་ཤོག་ལེ་༨༢༨ ཅན་གྱི་སྙན་ཐོའི་ནང་དུ་ཚུད་མེད། བྷུ་ཤི་ཡི་ཤུལ་འཛིན་ཨོ་བྷ་མས་འོག་གི་གསང་བའི་སྡེ་ཁག་ལ་བཀའ་བཏང་སྟེ་ཡིག་ཆ་དེར་བསྐྱར་དུ་ཞིབ་འཇུག་བྱས་ཡོད་འདུག གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་གྷི་རི་ཧམ་གྱིས་བརྗོད་པ་ལྟར་ན། ཁོང་གི་རེ་བར་འབྲེལ་ཡོད་སྲིད་གཞུང་གིས་འདི་ལོའི་ཟླ་༦ པའི་སྔོན་མི་དམངས་མང་ཚོགས་ཀྱིས་ཡིག་ཆ་དེ་མཐོང་ཐུབ་པར་ཐག་གཅོད་ཡོང་བའི་ཡིད་ཆེས་ཡོད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།