ཨ་རིའི་ཁྲིམས་འཆར་གསར་པའི་ནང་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ངོས་འཛིན་བྱས་འདུག 

ཨ་རིའི་གྲོས་ཚོགས་ནང་དུ་བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་གསར་པ་ཞིག་བཏོན་འདུག་པ་དང་། དེའི་ནང་དུ་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དང་། རྒྱ་ནག་གིས་ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་ལ་ངོས་ལེན་མེད་པ། བོད་ཀྱི་མངའ་ཁོངས་དེ་བོད་རང་སྐྱོང་ལྗོངས་ཞེས་པ་གཅིག་པུ་མིན་པར་བོད་ཆོལ་གསུམ་ཆ་ཚང་ཚུད་ཀྱི་ཡོད་པ་སོགས་གསལ་ཡོད་འདུག 

ཟླ་༧ པའི་ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇཱིམ་མེག་གྷོ་ཝན་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱེ་ཁེལ་མེག་ཁོལ་གཉིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་གྱི་ཁྲིམས་ཞེས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་གནང་ཡོད་པ་རེད་འདུག 

ཁྲིམས་འཆར་དེའི་ནང་དུ། ཨ་རིའི་གཞུང་གི་སྲིད་བྱུས་ནང་དུ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་འོག་ནས་བོད་ཀྱི་ཁྲིམས་མཐུན་གནས་བབ་ཐག་གཅོད་བྱེད་རྒྱུ་ལྷག་བསྡད་ཡོད་པའི་ངོོས་འཛིན་བྱེད་དགོས་པ། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཀྱང་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱིས་ཐོབ་ཐང་དེ་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་ཡི་ཡོད་པ་ངོས་འཛིན་བྱེད་དགོས་པ། ༧གོང་ས་མཆོག་གམ་ཁོང་གི་སྐུབ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་མ་ཐུབ་པ་དེ་རྒྱ་ནག་གི་ནོར་འཁྲུལ་ཡིན་པ་ངོས་འཛིན་བྱེད་དགོས་པ། རྒྱ་ནག་གིས་གནའ་སྔ་མོ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་འཁྱོག་བཤད་བྱེད་བཞིན་པ་དེར་ངོས་ལེན་མི་བྱེད་པ། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ལོ་རྒྱུས་དང་བོད་མི། བོད་མིའི་སྒྲིག་འཛུགས་ཁག ༧གོང་ས་མཆོག་སོགས་ལ་དྲིལ་བསྒྲགས་རྫུན་མ་བྱེད་པར། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁང་ལ་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་ལན་འདེབས་བྱེད་པའི་འགན་དབང་སྤྲོད་དགོས་པ། བོད་ཀྱི་མངའ་ཁོངས་སུ་བོད་རང་སྐྱོང་ལྗོངས་ཞེས་པ་དེ་གཅིག་པུ་མིན་པར། ཀན་སུ་དང་སི་ཁྲོན། ཆིང་ཧེ། ཡུ་ནན་བཅས་ཀྱི་བོད་མིའི་ས་ཁུལ་རྣམས་ཀྱང་ཚུད་ཀྱི་ཡོད་པ་གསལ་པོ་བཟོ་དགོས་པ་སོགས་འཁོད་ཡོད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཁྲིམས་འཆར་དེ་དང་འབྲེལ་ནས་གསུང་དོན། བོད་མི་རྣམས་ལ་མི་ཀུན་དང་གཅིག་མཚུངས་ལྟར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་ཀྱི་ཡོད། རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ང་ཚོར་མནར་སྤྱོད་ཚད་ལས་བརྒལ་བ་བཏང་ཡོད་ཀྱང་ང་ཚོའི་ངོས་ནས་རྒྱུན་དུ་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐབས་བྱེད་ཀྱི་ཡོད། ཁྲིམས་འཆར་འདིས་ཨ་རིའི་གཞུང་གིས་ཛ་དྲག་གི་སྒོ་ནས་བོད་རྒྱའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག 

ཕྱི་ལོ་༢༠༢༡ ལོའི་ཟླ་༧ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སཱེ་ཁོ་ཌ་པཱེ་རི་ཡིས་བོད་དེ་རང་བཙན་རྒྱལ་ཁབ་གཅིག་ཡིན་པ་དང་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་བཙན་འཛུལ་བྱས་པ་ཡིན་པ། བོད་ཀྱི་མངའ་ཁོངས་སུ་བོད་ཆོལ་ཁ་གསུམ་གྱི་ས་ཆ་ཚུད་ཀྱི་ཡོད་པ་ངོས་འཛིན་བྱེད་དགོས་པའི་ཁྲིམས་འཆར་བཏོན་ཡོད་པ་དང་། དེ་བཞིན་ཁྲིམས་འཆར་དེའི་ནང་དུ་བོད་མིའི་སྒྲིག་འཛུགས་ཞེས་པའི་བོད་ཀྱི་མང་གཙོའི་སྲིད་གཞུང་དེ་བོད་ཀྱི་དབང་འཛིན་གྱི་སྲིད་གཞུང་ཁོ་ནར་ངོས་འཛིན་དགོས་པ་དང་ཁྲིམས་འཆར་དེ་གཏན་ལ་ཕབ་པའི་རྗེས་ཀྱི་ལོ་གཅིག་གི་ནང་ཚུད་དུ་ཨ་རིའི་སྲིད་འཛིན་གྱིས་གཞུང་འབྲེལ་ཐོག་ནས་བོད་ཀྱི་ལས་ཐོག་སྲིད་སྐྱོང་ཨ་རིར་གདན་འདྲེན་ཞུ་དགོས་པ་སོགས་འཁོད་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||