ཨ་རིའི་ཁྲིམས་འཆར་གསར་པའི་ནང་དུ་སླར་ཡང་བོད་དོན་དང་འབྲེལ་བའི་དོན་ཚན་གལ་ཆེན་འགའ་བཞག་འདུག
ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་གདོང་ལེན་ཁ་གཏད་གཅོག་པའི་ཁྲིམས་འཆར་གསར་པ་ཞིག་གཏན་ལ་ཕབ་པའི་ནང་། “ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་”རྒྱ་ནག་གཞུང་དང་། དེ་མིན་གྱི་སྲིད་གཞུང་གཞན་གང་གིས་ཀྱང་ཐེ་བྱུས་བྱེད་མི་ཆོག་པ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱེད་པ་སོགས་ཀྱི་དོན་ཚན་གལ་ཆེན་འགའ་བཞག་འདུག
ཕྱི་ཟླ་ ༦ པའི་ཨ་རིའི་ཚེས་ ༨ རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མར་བཏོན་པའི་“ཨ་རིའི་གསར་གཏོད་དང་འགྲན་བསྡུར་གྱི་ཁྲིམས་འཆར་”(U.S Innovation and Competition Act) ཞེས་པ་དེར་རྒྱབ་སྐྱོར་བྱེད་མཁན་འཐུས་མི་༦༨ དང་། མི་བྱེད་མཁན་ ༣༢ བྱུང་སྟེ་མང་མོའི་ཐོག་ནས་གཏན་ལ་ཕབ་འདུག་ཅིང་། ཁྲིམས་འཆར་དེ་ནི་ཆེད་དུ་རྒྱ་ནག་གི་འཕྲུལ་ཆས་དང་ཚོང་ལས་ཀྱི་དབང་ཤུགས་ལ་གདོང་ལེན་དང་ཁ་གཏད་གཅོག་པའི་ཆེད་དུ་དམིགས་པ་ཞིག་ཡིན་འདུག
གཞི་རྒྱ་ཆེ་བའི་ཁྲིམས་འཆར་དེའི་ནང་དུ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་“གྲོས་ཚོགས་ཀྱི་ལམ་སྟོན་དང་མོས་མཐུན་འོག་ནས་སྲིད་འཛིན་གྱིས་[ཐད་ཀར་]བསྐོ་བཞག་བྱེད་པའམ། ཡང་ན་ཕྱི་སྲིད་དྲུང་འཕར་གྱི་ལས་གནས་ཡོད་པའམ་དེ་ལས་མཐོ་བའི་མི་སྣ་ཞིག་”ཡིན་དགོས་སྐོར་བརྗོད་པའི་ཐོག རྒྱ་ནག་ཁྲི་འདུར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་བསྐྱར་གསོའམ། ཡང་ན་ལྷ་སར་ཨ་རིའི་གཞུང་ཚབ་ཁང་ཞིག་གསར་འཛུགས་མ་བྱུང་བར་དུ་བོད་ཀྱི་གནད་དོན་དེ་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་ཁོངས་སུ་འཇོག་རྒྱུ་བྱས་འདུག
གཞན་ཡང་། ཁྲིམས་འཆར་དེའི་ནང་ཨ་རིས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ལྷན་དུ་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཚོའི་༧ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་། རྒྱ་ནག་གི་ཐེ་བྱུས་ལ་ངོ་རྒོལ་བྱས་ཏེ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་(Tibetan Policy and Support Act of 2020) གྱི་ཁྲིམས་ཀྱི་དགོངས་དོན་རྣམས་བསྐྱར་དུ་ནན་བརྗོད་བྱས་འདུག
ཁྲིམས་འཆར་གསར་པ་དེའི་དོན་ཚན་ ༣༣༠༧ གྱི་འོག་ཏུ། “རྒྱ་ནག་མི་དམངས་སྲིད་གཞུང་ངམ་སྲིད་གཞུང་གཞན་གང་གིས་ཀྱང་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་དང་མ་འོངས་པའི་སྐུ་ཕྲེང་གང་ཞིག་བཙལ་འཚོལ་ངོས་འཛིན་བྱེད་པའི་བརྒྱུད་རིམ་ལ་ཐེ་བྱུས་བྱས་ན། དེ་ནི་བོད་མི་དང་བོད་ཀྱི་ནང་པ་ཚོའི་ཆོས་ཀྱི་རང་དབང་རྩིས་མེད་རྡོག་རོལ་བཏང་བ་གསལ་པོ་ཡིན་”ཞེས་བཀོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་བོད་ཀྱི་ནང་པའི་ཆོས་ཀྱི་རང་དབང་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བྱས་འདུག
ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་མ་ཆེ་ཤོས་གཉིས་པ་སྟེ། དགུང་གྲངས་ ༦ ལས་མ་ཕེབས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ཡབ་ཡུམ་དང་བཅས་པ་བཙན་ཁྲིད་བྱས་ཏེ་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་ལ་པཎ་ཆེན་གྱི་མཚན་སྤྲད་ཡོད་པ་དང་། དུས་དེ་ནས་བཟུང་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།