ཨ་རིའི་གཞུང་གིས་དམིགས་བསལ་བོད་དོན་འབྲེལ་མཐུད་པ་བསྐོ་བཞག 

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo) ཡིས་དྲུང་ཆེའི་ལས་རོགས་རོ་བྷར་ཋི-ཌེ་སི་ཋོ་རོ་(Robert A. Destro)དམིགས་བསལ་བོད་དོན་འབྲེལ་མཐུད་པ་གསར་པར་བསྐོ་བཞག་གནང་བ་ཡིན་པའི་གསལ་བསྒྲགས་གནང་འདུག 

ཕྱི་ཟླ་༡༠ པའི་ཨ་རིའི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་སྤེལ་བའི་གསལ་བསྒྲགས་དེར་འཁོད་དོན། “བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་དོན་ལྟར། དམིགས་བསལ་འབྲེལ་མཐུད་པ་ཌེ་སི་ཋོ་རོ་ཡིས་འགོ་ཁྲིད་དེ་ཨ་རིའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༧ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་གཉིས་ཀྱི་བར་དུ་གྲོས་མོལ་བྱེད་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ངོ་བོ་སྲུང་སྐྱོབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བརྩི་བཀུར་བྱེད་པའི་སྐུལ་འདེད་གནང་རྒྱུ་ཡིན་པ་མ་ཟད། ཁོང་གིས་ད་དུང་བོད་ཀྱི་སྐྱབས་བཅོལ་བ་ཚོའི་དགོས་མཁོར་རོགས་རམ་དང་། མཐོ་སྒང་དུ་ཆགས་པའི་བོད་མིའི་སྤྱི་ཚོགས་ལ་དཔལ་འབྱོར་ཡར་རྒྱས་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་རེད།

མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མེད་པ་དང་། བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ཞན་དུ་འགྲོ་བཞིན་པ། བོད་ཀྱི་ཆོས་དང་རིག་གཞུང་གི་རང་དབང་ལ་ཚད་བཀག་དམ་པོ་འཇོག་པ་བཅས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་སྤྱི་ཚོགས་ནང་དུ་དྲག་གནོན་བྱེད་པར་ཨ་རིས་སེམས་འཚབ་བྱེད་ཀྱིན་ཡོད། 

“གནད་དོན་འདི་དག་སེལ་བའི་ཆེད། དམིགས་བསལ་འབྲེལ་མཐུད་པ་ཌེ་སི་ཋོ་རོ་ཡིས་བོད་ཀྱི་འགོ་ཁྲིད་དང་། རྒྱལ་སྤྱིའི་ཆེད་ལས་མི་སྣ་དང་འབྲེལ་གཏུག་གནང་བའི་ཐོག། བཙན་བྱོལ་བོད་མི་རྣམས་དང་། ཁོ་ཚོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་སྙིང་སྟོབས་ཅན་དག་ལ་འབྲེལ་མཐུད་དང་རྒྱབ་སྐྱོར་གནང་རྒྱུ་རེད།”

བོད་མིའི་སྒྲིག་འཛུགས་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཨ་རིའི་སྲིད་གཞུང་ལ་རེ་སྐུལ་ཡང་ཡང་ཞུས་རུང་། ཕྱི་ལོ་ ༢༠༡༧ ནས་ཁ་སང་བར་དུ་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ཞིག་མ་བསྐོས་པར་བཞག་འདུག་པ་དང་། ཁ་སང་རོ་བྷར་ཋི-ཌེ་སི་ཋོ་རོ་དམིགས་བསལ་བོད་དོན་འབྲེལ་མཐུད་པར་བསྐོས་རྗེས། ཁོང་ཨ་རིའི་ལོ་རྒྱུས་ནང་གི་ལས་གནས་དེ་འཛིན་མཁན་དྲུག་པ་དེ་ཆགས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།