ཨ་རིའི་གཞུང་གིས་རྒྱ་ནག་གི་སློབ་ཕྲུག་ཨ་རིའི་ནང་དུ་ཡོང་རྒྱུར་བཀག་འདུག

རྒྱ་ནག་ནས་ཨ་རིའི་ནང་སློབ་སྦྱོང་ཆེད་དུ་ཡོང་མཁན་སློབ་མ་ཧ་ཅང་མང་པོ་ཡོད་འདུག་ཅིང་། ལོ་སྔོན་མ་གཅིག་པུར་སློབ་ཕྲུག་ཁྱོན་༢༨༠༠༠༠ ཡོད་པར་བརྗོད་འདུག ད་ནས་བཟུང་ཨ་རིའི་གཞུང་གིས་རྒྱ་ནག་གི་སློབ་མ་རྣམས་ཨ་རིའི་ནང་སློབ་སྦྱོང་ཆེད་དུ་ཡོང་རྒྱུར་བཀག་འགོག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པར་བརྗོད་འདུག

ཕྱི་ཚེས་༢༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་འགའ་ཤས་ནང་ཨ་རྒྱ་གཉིས་བར་འབྲེལ་ལམ་དེ་ཙམ་ཡག་པོ་མེད་པ་དང་།   འདི་ལོ་ཡང་རྒྱ་ནག་གི་དངོས་ཟོག་ཐོག་ཏུ་ཨ་རིའི་གཞུང་གིས་སྒོ་ཁྲལ་ཕོན་ཆེན་པོ་བཀལ་བའི་རྐྱེན་གྱིས་ད་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་སྡུག་ཏུ་ཕྱིན་ཡོད་འདུག  ཉེ་ཆར་ཧ་ཝར་གཙུག་ལག་སློབ་ཆེན་ནང་དུ་ཡོད་པའི་ཕྱི་རྒྱལ་གྱི་སློབ་མ་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག་ཀྱང་། དོན་དངོས་ཐོག་རྒྱ་ནག་གི་སློབ་མ་རྣམས་བཀག་འགོག་ཆེད་དུ་ཡིན་པར་རྗོད་ཀྱི་ཡོད་པ་བཞིན། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio)མར་ཁོ་རུ་བྷེའོ་ཡིས་ཨ་རིའི་གཞུང་གི་བདེ་སྲུང་ལྷན་ཁང་ནས་རྒྱ་ནག་གི་སློབ་ཕྲུག་ཨ་རིའི་ནང་ཡོང་རྒྱུར་དམ་དྲག་ཆེན་པོ་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། དམིགས་བསལ་རྒྱ་ནག་དམར་ཤོག་གཞུང་དང་འབྲེལ་བ་ཡོད་པའི་སློབ་མ་ཚོའི་མཐོང་མཆན་བཀག་འགོག་བྱེད་རྒྱུ་ཡིན་པ་དང་། སློབ་མ་ཚོའི་མཐོང་ཆེན་དང་འབྲེལ་བའི་ཡིག་ཆ་ཁག་ལ་ཞིབ་བཤེར་ནན་ཏན་བྱེད་རྒྱུ་ཡིན་པར་བརྗོད་འདུག ལོ་སྔོན་མ་གཅིག་པུར་རྒྱ་ནག་གི་སློབ་ཕྲུག་ཁྱོན་༢༨༠༠༠༠ ཨ་རིའི་ནང་ཡོང་ཡོད་པར་བརྗོད་འདུག་ཅིང་། ཨ་རིའི་ནང་དུ་ཡོད་པའི་ཕྱི་རྒྱལ་གྱི་སློབ་ཕྲུག་གི་བརྒྱ་ཆ་༢༥ རྒྱ་ནག་གི་སློབ་ཕྲུག་ཡིན་འདུག 

ཉེ་ཆར་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་འཛམ་གླིང་གང་སར་ནས་ཨ་རིའི་ནང་སློབ་སྦྱོང་ཆེད་དུ་ཡོང་མཁན་སློབ་མ་ཚོའི་མཐོང་མཆན་གྱི་ལས་དོན་རྣམས་མཚམས་འཇོག་བྱེད་དགོས་པ་ཨ་རིའི་གཞུང་ཚབ་རྣམས་ལ་བཀའ་བཏང་ཡོད་འདུག 

ཨ་རིའི་གཞུང་གིས་ཕྱི་རྒྱལ་གྱི་སློབ་ཕྲུག་དང་འབྲེལ་བའི་མཐོང་མཆན་མང་པོ་བཀག་ཟིན་ཡོད་འདུག་ལ། ཨ་རིའི་མཐོ་སློབ་རྣམས་ལ་གཞུང་གིས་སྤྲོད་བཞིན་པའི་རོགས་དངུལ་ཨ་སྒོར་ས་ཡ་མང་པོ་ཡང་བཀག་ཟིན་ཡོད་འདུག དེ་བཞིན་ཨ་རིའི་མཐོ་སློབ་མང་པོ་ཞིག་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོའི་སློབ་ཡོན་ཁོ་ནར་བརྟེན་བཞིན་པ་དང་། ཕྱི་རྒྱལ་གྱི་སློབ་མ་ཚོས་མཐོ་སློབ་དེ་དག་ལ་དངུལ་ཕོན་ཆེན་པོ་སྤྲོད་ཀྱི་ཡོད་པས། ད་ཆར་མཐོ་སློབ་དེ་དག་གི་དངུལ་ཡོང་ཁུངས་མེད་ནས་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་བརྗོད། རྒྱ་ནག་ནས་ཡོང་བའི་སློབ་མ་མང་པོ་ཞིག་ཨ་རིའི་གཞུང་གིས་མཐོང་མཆན་འཕྲོག་ཡོང་སྙམ་པའི་འཇིགས་སྣང་གིས་ད་ལྟ་རྒྱ་ནག་ཏུ་ཕར་ལོག་དགོས་སམ། ཡང་ན་རྒྱལ་ཁབ་གཞན་ལ་འགྲོ་དགོས་མིན་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག 

གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ནས་ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་ཁྲིམས་མཐུན་གྱི་ཐོག་ནས་ཁོང་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། དེ་བཞིན་རྒྱ་ནག་ནས་ཡོང་བའི་སློབ་མ་ཚོའི་བདེ་འཇགས་དང་ཐོབ་ཐང་རྣམས་ཁྲིམས་མཐུན་གྱི་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པར་བརྗོད་འདུག བདུན་ཕྲག་སྔོན་མར་ཨ་རིའི་ཧ་ཝར་གཙུག་ལག་སློབ་ཆེན་ནང་དུ་ཡོད་པའི་ཕྱི་རྒྱལ་གྱི་སློབ་མ་ཚོ་བཀག་འགོག་བྱས་ཀྱང་། ཧ་ཝར་མཐོ་སློབ་ཀྱིས་ཨ་རིའི་གཞུང་ཁྲིམས་ལ་གཏུགས་ཡོད་པའི་རྐྱེན་གྱིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ནས་སྲིད་འཛིན་གྱི་བཀའ་རྒྱ་དེ་ད་ལྟ་བཀག་ཡོད་འདུག སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་ལ་བརྟེན་ནས་ཧ་ཝར་མཐོ་སློབ་ཀྱི་སློབ་མ་མང་པོ་ཞིག་ལ་དོ་ཕོག་བྱུང་ཡོད་འདུག་པ་དང་། སློབ་མ་མང་པོ་ཞིག་ནི་རང་གི་རྒྱལ་ཁབ་ནང་རྩོད་རྙོག་དང་ནང་འཁྲུག་གིས་རྐྱེན་པས་ཁོང་ཚོ་རང་ཡུལ་དུ་ལོག་ན་ཚེ་སྲོག་ལ་ཉེན་ཁ་ཡོད་པ་སོགས་རྗོད་ཀྱི་ཡོད་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Ashley Moody)་ཨ་ཤི་ལིས་མོས་ཌིས་ཟེར་བ་དེས་རྒྱ་ནག་གི་སློབ་ཕྲུག་བཀག་འགོག་བྱེད་རྒྱུའི་ཁྲིམས་འཆར་དེ་བཏོན་ཡོད་འདུག་པ་དང་། ཁོང་མོས་རྒྱ་ནག་དམར་ཤོག་གིས་ཨ་རི་ནས་རྒྱལ་ཁབ་ཀྱི་གསང་བ་རྐུ་མ་རྒྱག་རྒྱུར་མཚམས་འཇོག་མ་བྱས་བར། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གི་སློབ་ཕྲུག་ཚོ་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་བྱེད་དགོས་པར་བརྗོད་འདུག 

ཨ་རིའི་གཞུང་གིས་ཕྱི་རྒྱལ་གྱི་སློབ་མ་ཚོ་བཀག་འགོག་བྱས་རྗེས་ཧོང་ཀོང་ནང་དུ་ཡོད་པའི་མཐོ་སློབ་ཚོས་ཨ་རིའི་ནང་དུ་ཡོད་པའི་ཕྱི་རྒྱལ་སློབ་མ་ཚོ་ཚུར་ཧོང་ཀོང་ནང་དུ་ཡོང་ན། ཧོང་ཀོང་གི་མཐོ་སློབ་ནང་འཛུལ་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།