ཨ་རིའི་གཞུང་ནས་བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག་ནས་དགའ་སྟོན་གྱི་མཛད་སྒོ་འཚོགས།
ཟླ་འདིའི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཇོ་བྷའི་ཌན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་དེ་ཨ་རིའི་གཞུང་འབྲེལ་གྱི་སྲིད་བྱུས་སུ་གཏན་འབེབས་གནང་བར། བཙན་བྱོལ་ནང་གི་བོད་མིའི་གཞིས་ཆགས་ཁག་གཙོས་པའི་ས་གནས་མང་པོ་ཞིག་ནས། ཨ་རིའི་སྲིད་འཛིན་དང་ཨ་རིའི་གཞུང་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དགའ་སྟོན་གྱི་མཛད་སྒོ་འཚོགས་དང་འཚོག་བཞིན་འདུག་པ་ལྟར། ཕྱི་ཚེས་༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དགའ་སྟོན་གྱི་མཛད་སྒོ་ཞིག་འཚོགས་འདུག སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན། བོད་མི་མང་སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། སྲི་ཞུ་བ་བཅས་ཚང་འཛོམས་གནང་ཡོད་འདུག་ལ། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་གྱིས་འདི་ལྟ་བུའི་དུས་ཚོད་གལ་ཆེ་སྐབས་དགའ་བ་སྒོམ་དགོས་པ་ཞིག་དང་། ཁྲིམས་ཡིག་འདི་གཏན་ལ་ཕབ་ཕྱིར་སྐུ་ལས་བསྐྱོན་མཁན་ཡོངས་བཀའ་དྲིན་ཆེན་པོ་ཡིན་པ་སོགས་གསུང་བཤད་གནང་རྗེས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་ནང་དོན་བོད་ཡིག་ཐོག་ལྗགས་ཀློག་གནང་བ་དང་ཆབས་ཅིག ཁྲིམས་ཡིག་འདིས་གཙོ་བོ་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ཐད་འཁྱོག་བཤད་བྱེད་པ་ལ་ཁ་བཏད་དང་། ཨ་རིའི་གཞུང་གིས་ངོས་ནས་ངོས་ལེན་མེད་པ་གསལ་པོར་མཚོན་ཐུབ་ཀྱི་ཡོད་སྐོར་སོགས་གསུང་བཤད་གནང་འདུག
དེ་བཞིན་དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་ཁྲིམས་ཡིག་འདི་གཏན་འབེབས་བྱུང་བར་བོད་རིགས་ཚོར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་འབྲེལ། ཨ་རི་ནི་བོད་ཀྱི་གནས་བབ་ལ་དུས་རྟག་ཏུ་དོ་སྣང་ཡོད་མཁན་ཞིག་ཆགས་ཀྱི་ཡོད་སྐོར་དང་། སྔོན་ཆད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་སྐྱོང་སྐབས་ཨ་རིའི་སྲིད་འཛིན་རྣམས་ནས་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཚོགས་ནང་དུས་དང་འཚམ་པའི་གྲོས་ཆོད་མང་དག་ཅིག་བཞག་གནང་ཡོད་པ། ཨ་རི་གཞིས་སྤོས་ལས་གཞི་འོག་བོད་མི་སྐྱབས་བཅོལ་བ་མང་དག་ཅིག་ལ་ཨ་རིའི་མི་སེར་བཞིན་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད་པ་སོགས་ཀྱི་སྐོར་དང་། སྔ་རྗེས་སུ་ཨ་རིའི་བོད་དོན་སྲིད་བྱུས་ (Tibet Policy Act) ཞེས་ཁྲིམས་སུ་བཅས་པ་སོགས་ཨ་རིའི་གཞུང་མང་གཉིས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་སྲིད་ཚབ་བདེ་སྲུང་བཀའ་བློན་ནས་རྒྱ་གཞུང་གིས་རྭ་རྒྱ་ཤེས་རིག་སློབ་གླིང་སྒོ་བརྒྱབས་པའི་རྒྱ་གཞུང་གི་བྱ་སྤྱོད་དེར། འཛམ་གླིང་མི་མང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་དོ་སྣང་བྱེད་བཞིན་ཡོད་སྐོར་སོགས་གསུངས་པ་མ་ཟད། ཨ་རིའི་གཞུང་མང་གཉིས་ནས་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁྲིམས་ཡིག་དེའི་ཆེད་དུ་སོགས་ལ་སྐུ་ལས་སྐྱོན་མཁན་གྲོས་ཚོགས་འཐུས་མི་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རིགས་ཚོགས་པ། སྤྱི་མཐུན་ཚོགས་པ། དེ་བཞིན་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དང་མི་སྒེར། ལྷག་པར་རྒྱ་གར་གཞུང་མང་བཅས་ལ་ཐུགས་རྗེ་ཆེ་ཞུས་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།