ཨ་རིའི་གཞུང་ནས་ཡུག་རེན་ལ་ཐག་རིང་སྙོབ་ཐུབ་པའི་གོ་མཚོན་རིགས་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲད་འདུག

ཨུ་རུ་སུས་ཡུག་རེན་གྱི་ས་ཆ་མང་པོའི་ནང་གཏོར་རྒོལ་ཚབས་ཆེན་གཏོང་བཞིན་ཡོད་ཅིང་། དེ་བཞིན་ཉེ་ཆར་བྱང་ཀོ་རི་ཡ་ནས་དམག་མི་ཕོན་ཆེན་པོ་ཨུ་རུ་སུ་ལ་རོགས་རམ་ཆེད་དུ་སླེབས་ཡོད་པར་བརྟེན། ཡུག་རེན་གྱིས་དུས་ཡུན་རིང་པོ་ནས་ཨ་རིའི་གཞུང་ལ་ཐག་རིང་པོ་སྙོབ་ཐུབ་པའི་གོ་མཚོན་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་ད་བར་སྤྲད་མེད་པ་རེད། ད་ལྟ་གཞི་ནས་ཨ་རིའི་གཞུང་ནས་ཆོག་མཆན་སྤྲད་ཡོད་པའི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཐོན་འདུག

པར། བྷི་བྷི་སི།

ཕྱི་ཚེས་༡༨ ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། དེ་སྔོན་ཡུག་རེན་གྱིས་ཨ་རིའི་གཞུང་ལ་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་གཏོང་རྒྱུའི་ཆེད་དུ་རྒྱང་ཐག་རིང་པོ་སྙོབ་ཐུབ་པའི་གོ་མཚོན་རིགས་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་ཐེངས་མང་ཞུས་ཡོད་འདུག་ཀྱང་། ད་བར་ཆོག་མཆན་སྤྲད་ཡོད་མི་འདུག ད་ཆར་ཨ་རིའི་གཞུང་ནས་ཡུག་རེན་གྱིས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་གཏོང་ཆེད་རྒྱང་ཐག་རིང་པོ་སྙོབ་ཐུབ་པའི་གོ་མཚོན་རིགས་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག འོན་ཀྱང་། ད་ཆར་བྷ་ཌན་གྱི་སྲིད་འཛིན་དུས་ཡུན་རྫོགས་རྒྱུར་ཟླ་བ་གཉིས་ཙམ་ལས་མེད་དུས་ཆོག་མཆན་དེ་སྤྲད་ཡོད་འདུག

པར། བྷི་བྷི་སི།

རྒྱང་ཐག་རིང་པོ་སྙོབ་ཐུབ་པའི་གོ་མཚོན་དེའི་མིང་ལ་(ATACMS)ཟེར་གྱི་ཡོད་འདུག་ཅིང་། གོ་མཚོན་དེ་སྤྱི་ལེ་༣༠༠ སར་ཡོད་པའི་དགྲ་བོའི་ས་ཐོག་ཏུ་གཏོར་རྒོལ་གཏོང་ཐུབ་ཀྱི་ཡོད་འདུག ཡུག་རེན་གྱིས་དེ་སྔོན་ནས་ཨ་རིའི་གཞུང་གིས་རྒྱང་ཐག་རིང་པོ་འཕུར་ཐུབ་པའི་གོ་མཚོན་མ་སྤྲད་པ་ནི་མི་ཞིག་ལ་ལག་པ་གཅིག་ལས་མེད་པ་དང་གཅིག་མཚུངས་ཡིན་པས། གང་མགྱོགས་ཆོག་མཆན་སྤྲོད་རྒྱུའི་རེ་སྐུལ་བྱས་ཡོད་པར་བརྟེན། ད་ཆར་ཆོག་མཆན་སྤྲད་ཡོད་འདུག ཐེངས་འདིའི་ཆོག་མཆན་སྤྲོད་རྒྱུ་ནི་བྱང་ཀོ་རི་ཡའི་དམག་མི་ཕོན་ཆེན་པོ་ཞིག་ཨུ་རུ་སུ་ལ་རོགས་རམ་ཆེད་དུ་འབྱོར་ཡོད་པའི་རྐྱེན་གྱིས་དེ་ལ་ཁ་གཏད་ཀྱི་ཆེད་དུ་སྤྲད་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་ཡོད་འདུག དེ་བཞིན་སྲིད་དོན་དཔྱད་བརྗོད་པ་དག་གིས་ད་ནས་བཟུང་ཡུག་རེན་གྱིས་ཨུ་རུ་སུའི་གོ་མཚོན་འཇོག་ཡུལ་དང་། ཟམ་པ། གཞུང་ལམ་གཞན་འཛུགས་སྐྲུན་ལས་གཞི་སོགས་ཡོད་ཚད་ལ་གཏོར་རྒོལ་ཚད་མེད་གཏོང་སྲིད་པ་རབརྟེན། དེ་ཡིས་དམག་འཁྲུག་དེ་སྔར་ལས་ཛ་དྲག་ཇེ་ཆེ་དང་། རྒྱ་ཇེ་ཆེར་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག དེ་བཞིན་ཨུ་རུ་སུའི་སྲིད་འཛིན་གྱིས་གོ་མཚོན་དེ་དག་བེད་སྤྱོད་བྱས་ཚེ་དམག་འཁྲུག་དེ་སྔར་ལས་ཛ་དྲག་ཇེ་ཆེར་འགྲོ་སྲིད་པར་བརྗོད་ནས་ཉེན་བརྡ་བཏང་ཡོད་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་མ་འོངས་པར་དམག་འཁྲུག་དེ་སྔར་ལས་ཛ་དྲག་ཇེ་ཆེེར་འགྲོ་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག་ལ། འཛམ་གླིང་དམག་ཆེན་གསུམ་པ་ཡོང་རྒྱུའི་ཉེན་ཁ་མཐོང་གི་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds