ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དགའ་བསུའི་མཛད་སྒོ།
ཟླ་འདིའི་ཚེས་༡༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་འཚོགས་པ་དང་། དེར་བཀའ་སྤྱི་གཉིས་དང་སྐུ་ཚབ་ཀྱི་དབུ་ཁྲིད་རྣམ་པས་གསུང་བཤད་གནང་ཡོད་པ་རེད།
སྐབས་དེར་ལྕམ་ན་ནིས་པི་ལོ་སིས་མཆོག་གིས་“ས་གནས་གང་ཞིག་ཏུ་དུས་ཚོད་ཅི་འདྲ་ཞིག་ལ་༧གོང་ས་ཏཱ་ལའི་བླ་མ་རིན་པོ་ཆེ་ཡོད་ཚེ་མཛད་སྒོ་དེ་དམིགས་བསལ་ལ་གྱུར་པ་རེད། དེ་རིང་ང་ཨ་རི་ནས་སྐུ་ཚབ་ཏུ་འདིར་ཡོང་རྒྱུ་བྱུང་བ་འདིར་སྤོབས་པ་སྐྱེས་ཀྱི་འདུག་”ཅེས་དང་། དེ་བཞིན་མོས་“ང་ཚོ་པོ་ཏཱ་ལ་ཕོ་བྲང་དུ་ཕྱིན་དུས། ༧གོང་ས་མཆོག་གི་བཞུགས་ཤག་མཇལ་བྱུང་། སྐབས་དེར་ང་ཚོས་༧གོང་ས་མཆོག་ཕྱིར་བོད་ལ་ལོག་རྒྱུའི་ཆེད་དུ་ནུས་པ་གང་ཡོད་འདོན་རྒྱུའི་དམ་བཅའ་བཞག་པ་ཡིན། ”ཞེས་དང་། “ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཐོག་དམ་དྲག་བྱེད་བཞིན་པ་དེར་ངོ་རྒོལ་མ་བྱས་ཚེ། ང་ཚོས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་རང་བཞིན་གྱིས་བརླག་རྒྱུ་རེད། དེར་བརྟེན་ང་ཚོས་བོད་དོན་རྒྱབ་སྐྱོར་མཚམས་འཇོག་ནམ་ཡང་བྱེད་ཀྱི་མ་རེད་”ཅེས་གསུངས་སོང་ལ། ཡང་མོས་བོད་རྒྱའི་གནད་དོན་གྱི་སྐོར་ལ་“རྒྱ་ནག་ནང་གི་མི་ཁག་ཅིག་ལ་མཚོན་ན། ཚད་མཐོའི་རང་སྲིད་རང་སྐྱོང་དེ་བློ་ངོར་ཤར་མི་ཐུབ་པ་ཞིག་ཡིན་ན་ཡང་། ང་ཚོར་མཚོན་ན་དེ་ནི་ཟློག་ཏུ་མེད་པའི་དགོས་ངེས་ཤིག་རེད། ང་ཚོས་ངེས་པར་དུ་དེ་གཉིས་བར་གྱི་ཁྱད་པར་དེ་ཆུང་དུ་གཏོང་ཐབས་ལ་འབད་དགོས་ཀྱི་འདུག ༧གོང་ས་ཏཱ་ལའི་བླ་མས་དབུ་ཁྲིད་པའི་འོག ཁྱོད་རང་ཚོའི་རིན་ཐང་ལྟ་ཚུལ་དང་། རིག་གཞུང་། སྐད་ཡིག ཆོས་བཅས་ལ་འབད་འབུངས་དང་། ཆོད་སེམས། དམ་བཅའ་ལྷོད་མེད་བྱས་པ་ལ་བརྟེན་ནས། ང་ཚོར་ཏན་ཏན་རྒྱལ་ཁ་ཐོབ་ཀྱི་རེད་”ཅེས་སོགས་གསུངས་སོང་།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ལྕམ་ནན་སིང་པི་ལོ་སི་དང་། སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་གཉིས་ཀྱིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམས་དྷ་སར་ཕེབས་པར་སེམས་གཏིང་དགའ་བ་སྐྱེ་ཡི་ཡོད་པ་དང་། སྐུ་ཚབ་ཚོགས་པ་དེས་བོད་ནང་གི་བོད་པ་རྣམས་ལ་རེ་བ་ཞིག་གི་བརྡ་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་ལ་དྲང་བདེན་དགོས་པའི་བརྡ་ལན་དང་། དེ་བཞིན་འཛམ་གླིང་ལ་རང་དབང་གི་བརྡ་ཞིག་གཏོང་གི་ཡོད་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་ལོ་ངོ་གསུམ་གྱི་གོང་ནས་ཁོང་ཝ་ཤིང་ཊོན་ཌི་སི་ནང་འགྲོ་དུས་ལྕམ་ནན་སི་་པི་ལོ་སི་དང་སྐུ་ཞབས་ཇིམ་མེག་གྷོ་ཝན་ལྷན་དུ་དོན་ཚན་བརྒྱད་ཀྱི་ཐོག་ལ་གྲོས་བསྡུར་བྱས་ཡོད་ཀྱང་། དེའི་ཁྲོད་ནས་དོན་ཚན་བདུན་དངོས་སུ་ལག་བསྟར་གནང་ཚར་ཡོད་པ་དེས། ཁོང་རྣམ་པ་ཆབ་སྲིད་པ་གཞན་དང་མི་འདྲ་བར་གང་གསུངས་པ་རྣམས་དངོས་སུ་ལག་ལེན་བསྟར་མཁན་གྱི་ཆབ་སྲིད་པ་ཞིག་ཡིན་པ་མཚོན་གྱི་ཡོད་སྐོར་དང་། དེ་བཞིན་དོན་ཚན་བརྒྱད་ཀྱི་ཁྲོད་ནས་གཅིག་བོད་ནང་བསྐྱོད་རྒྱུ་དེ་ཡིན་པ་ལྟར། ༢༠༡༥ ལོར་ལྕམ་ཁོང་གིས་སྣེ་ཁྲིད་ནས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་བོད་ནང་ཕེབས་ནས་རྒྱ་ནག་གི་འགོ་ཁྲིད་རྣམས་དང་ལྷན་དུ་ཁ་གསང་པོའི་སྒོ་ནས་གྲོས་བསྡུར་གནང་ཡོད་སྐོར། ལྕམ་སྐུ་ནན་སི་པོ་ལི་སིས་ནི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཙམ་མ་ཡིན་པར། ༧གོང་ས་མཆོག་དང་ལོ་མང་རིང་འབྲེལ་འདྲིས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་དང་། ན་གཞོན་དབུ་ཁྲིད་རྣམས་ཀྱང་བོད་དོན་རྒྱབ་སྐྱོར་དུ་རེ་འབོད་ཞུ་མཁན་ཞིག་ཡིན་སྐོར་གསུངས་སོང་།
གཞན་ཡང་རྒྱ་གཞུང་གི་དམ་དྲག་འོག་ནས་བོད་ནང་དུ་རང་སྲེག་རྒྱ་རྒོལ་དང་། བླ་རུང་སྒར་གཏོར་བཤིག་གཏོང་བ་སོགས་ཀྱིས་མཚོན་པའི་བོད་མིའི་ཛ་དྲག་གི་གནས་སྟངས་ཀྱི་ཚོད་དང་མཐུན་པར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དེ་ཙམ་ཡོང་ཐུབ་ཀྱི་མེད་སྐོར་དང་། ས་ཆའི་བབ་དང་། གོམས་གཤིས། རིག་གཞུང་གསུམ་གྱི་ཐོག་ནས་རྒྱ་ནག་བོད་ནང་རྒྱུན་རིང་པོར་འཚོ་སྡོད་བྱེད་ཐུབ་ཐབས་མེད་སྐོར་གསུངས་སོང་།
དེ་བཞིན་དེ་སྔོན་ཨ་རིས་བོད་དོན་ཐག་རྒྱབ་སྐྱོར་གནང་ནས་དམིགས་བསལ་འབྲེལ་མཐུད་པ་ཡོད་པ་བཞིན་འཛིན་སྐྱོང་གསར་པའི་ངོས་ནས་ཀྱང་དམིགས་བསལ་འབྲེལ་མཐུད་པ་མྱུར་དུ་བསྐོ་བཞག་གནང་རྒྱུའི་ཡིད་ཆེས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་བྷུ་ཤི་རྒན་པ་ནས་བཟུང་ཨ་རིའི་སྲིད་འཛིན་རིམ་པས་༧གོང་ས་མཆོག་དང་འཇལ་འཕྲད་གནང་བའི་ལམ་ལུགས་ཡོད་པ་ལྟར། ད་ལྟའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་དབུ་ཁྲིད་པའི་འཛིན་སྐྱོང་གིས་ཀྱང་ལམ་ལུགས་དེ་མུ་མཐུད་པའི་རེ་བ་ཡོད་སྐོར། གཞན་ཡང་ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་དང་། དབུ་མའི་ལམ་གྱི་སྲིད་ཇུས་གཉིས་ཀར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་དང་དབུ་མའི་ལམ་གྱི་སྲིད་ཇུས་གཉིས་བར་ལ་འགལ་ཟླ་མེད་སྐོར། དེ་བཞིན་ཨ་རིའི་འཛིན་སྐྱོང་གསར་པའི་ངོས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་གཉིས་བར་གྲོས་མོལ་ཡོང་རྒྱུར་སྐུལ་འདེད་བྱེད་རྒྱུའི་རེ་བ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཀྱང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཕེབས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་། ཁོང་རྣམ་པ་འདིར་ཕེབས་པ་དེ་ནི་རྒྱ་ནག་ལ་བརྡ་ལན་ཤུགས་ཆེན་ཞིག་ཡིན་སྐོར་སོགས་གསུངས་སོང་།
གཞན་ཡང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་གྱིས། ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀ་དབྱེ་བ་མེད་པའི་ཐོག་ནས་༧གོང་ས་མཆོག་ལ་བརྩི་བཀུར་ཤུགས་ཆེན་པོ་ཞུ་ཡི་ཡོད་པ་དང་། ད་ལྟ་བོད་ནང་དུ་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག་གི་ཐོག་དྲང་བདེན་མེད་ཁར། ༧གོང་ས་མཆོག་ལ་གུས་བཀུར་ཞུ་རྒྱུའི་དྲང་བདེན་ཡང་མེད་སྐོར་དང་། གནད་དོན་དེ་དག་གི་ཐོག་ལ་དྲང་བདེན་ནམ་བྱུང་ན་བོད་ལ་རང་དབང་གཞི་ནས་ཡོང་བ་དང་། དེའི་ཐོག་ཨ་རིའི་གྲོས་ཚོགས་ལ་དམ་བཅའ་བརྟན་པོ་ཡོད་སྐོར་སོགས་གསུངས་སོང་།
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་གྱིས་༧གོང་ས་མཆོག་སྐུ་འཁྲུངས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཁོང་ཚོ་དྷ་རམ་ས་ལ་ཡོང་དོན་ནི་༧གོང་ས་མཆོག་ལ་ཡིད་ཆེས་ཡོད་པས་ཡིན་སྐོར། དེ་བཞིན་༧གོང་ས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ། བོད་མི་ཡོངས་རྫོགས་དང་མཉམ་དུ་ཁོང་ཚོ་ཡོད་སྐོར་དང་སྦྲགས། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་རྣམས་ལ་རྗེས་སུ་ཡི་རངས་ཡོད་སྐོར། གཞན་ཡང་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་ངེས་པ་དོན་གྱི་རང་སྲིད་རང་སྐྱོང་གཙང་མ་ཐོབ་ནས། བོད་མི་རྣམས་ཕྱིར་བོད་དུ་ལོག་ཐུབ་པའི་ཉིན་ཞིག་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་གྱིས་ “ང་ལ་པེ་ཅིང་གི་འགོ་ཁྲིད་རྣམས་ལ་བརྡ་ལན་ཞིག་ཡོད། དེ་ནི་སྟབས་བདེ་པོ་ཞིག་རེད། བོད་ནས་ཕྱི་ལོགས་ལ་རྒྱུག”ཅེས་གསུངས་སོང་ལ། ཡང་ཁོང་གིས་བོད་རང་དབང་མ་ཐོབ་བར་དུ་ཨ་རིས་མུ་མཐུད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་པར་མི་ཇ་ཡ་པཱལ་གྱིས་མོ་རང་རྒྱ་གར་ནང་སྐྱེས་པ་ཞིག་ཡིན་སྐོར་དང་། རྒྱ་གར་གྱིིས་བོད་པ་ལ་སྐྱབས་བཅོལ་གྱི་མཐུན་སྦྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་། གཞན་ཡང་བོད་ཀྱི་ཆོས་རིག་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་ཀྱི་སྐོར་སོགས་གསུངས་སོང་།
མཇུག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་བའི་དྲ་ཐག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།