ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་དོན་ཉན་ཞིབ་གནང་འདུག

ཟླ་༡༢ པའི་ཚེས་༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་རྟེན་གཞི་བྱས་པའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་༢༡༧༢ ནང་དུ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་འཚོགས་ཡོད་པ་དང་། དེ་གར་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་། བོད་མི་སོགས་ཀྱིས་གཏམ་བཤད་གནང་ཡོད་འདུག

ཉན་ཞིབ་སྐབས་སུ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་དང་བྷེར་ཌེ་ཤར་མན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་རོ་སི་ལེ་ཊི་ནེན་དང་། བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རེ་ཆཌ་སྒེར། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཀྲེ་ཌ་ཡོ་ཧོ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སོགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་འདུག

ལས་རིམ་གཙོ་སྐྱོང་གནང་མཁན་གྲོས་ཚོགས་འཐུས་མི་ཊེ་ཌ་ཡོ་ཧོ་ཡིས། ཉེ་བའི་ཆར་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ཀྱི་གནས་སྟངས་སོགས་རྐྱེན་པས། རྒྱའི་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ནང་བཙན་གནོན་ཤུགས་ཆེ་རུ་གཏོང ་བཞིན་པའི་གནས་སྟངས་ཐོག དམིགས་བསལ་དོ་སྣང་དེ་ཙམ་བྱུང་མེད་སྟབས། ཉན་ཞིབ་ཀྱི་ལས་རིམ་འདི་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་སོགས་ངོ་སྤྲོད་གཏམ་བཤད་གནང་འདུག

གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེར་ཌེ་ཤར་མན་གྱིས། རྒྱ་ནག་གཞུང་ནས་བོད་མིའི་མངོན་འདོད་ལྟར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲོད་ཐབས་བྱེད་དགོས་ཀྱང་། དེ་ལས་ལྡོག་སྟེ་མུ་མཐུད་བོད་ཀྱི་ས་ཁུལ་ཁག་ཏུ་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་དམག་དཔུང་ཇེ་མང་དུ་གཏོང་བཞིན་ཡོད་པ་དང་། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་བཟང་སྤྱོད་ལས་ཡོངས་སུ་འགལ་བའི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག

དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝེན་གྱིས་ད་ཐེངས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཐུན་མོང་ཐོག བོད་དོན་ལ་རྒྱབ་སྐྱོར་ཞུ་ཆེད་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཐུབ་པ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཡང་། འདས་པའི་ལས་དོན་དང་ལྷག་པར་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གྱི་གནས་སྟངས་ལ་གཞིགས་ཚེ། ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་དེ་ཙམ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཐུབ་པའི་རྒྱབ་སྐྱོར་གནང་མེད་པ། ལྷག་པར་དུ་༸གོང་ས་མཆོག་ད་ཆ་དགུང་གྲངས་༨༠ ལྷག་བཞེས་པ་དང་། རྒྱ་ནག་གཞུང་གི་དྲག་པོའི་སྲིད་ཇུས་འོག བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར། ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཐོག་ནས་རྒྱབ་སྐྱོར་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་འདུག

སྐུ་ཞབས་རེ་ཆཌ་སྒེར་གྱིས་ཉེ་ཆར་བོད་ནང་རང་ལུས་མེར་སྲེག་གནང་མཁན་དགེ་འདུན་པ་བསྟན་དགའ་ལགས་ཀྱི་སྐུ་པར་མཉམ་ཞུགས་བ་ཚོར་བསྟན་ནས། ད་བར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཅན་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། བོད་ཀྱི་ཁོར་ཡུག་སོགས་ལ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གདུག་རྩུབ་ཆེན་པོས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན། བོད་མི་རྣམས་ཀྱིས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་༢༠༠༩ ནས། བོད་མི་སྐྱ་སེར་དང་ཕོ་མོ། རྒན་བྱིས་སོགས་དབྱེ་བ་མེད་པར་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲེག་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པའི་ཛ་དྲག་གནས་སྟངས་ཆགས་ཡོད་སྐོར་དང་། ཉེ་ལམ་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་རྒྱ་ནག་ནང་སྐོར་བསྐྱོད་ཐེངས་དང་པོར་ཕེབས་སྐབས། འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་ཚུལ་བརྗོད་བཞིན་ཡོད་ཀྱང་། ཡིག་ཐོག་ནས་གང་ཡང་གསལ་རྒྱུ་མེད་སྐོར་གསུངས་རྗེས། ཨ་རིའི་གྲོས་ཚོགས་ནང་དེ་སྔ་ཕྱི་ལོ་༢༠༠༢ ལོར། བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ཕྱི་ལོ་༢༠༠༢ ཞེས་པ་གཏན་འབེབས་གནང་བར་བརྟེན། སྲིད་གཞུང་ནས་ཀྱང་ངེས་པར་དུ་སྲིད་ཇུས་དེ་དག་ལག་བསྟར་དོན་འཁྱོལ་ཡོང་ཐབས་གནང་དགོས་པ་གསུངས་ཡོད་འདུག

བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནང་ཡོད་པའི་བོད་མི་ཚོར་རྒྱལ་སྤྱི་དང་། ལྷག་པར་དུ་བོད་དོན་དང་འབྲེལ་བའི་གནས་ཚུལ་དུས་ཐོག་གཟིགས་རྒྱུའི་གོ་སྐབས་མེད་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་དང་སྐད་འཕྲིན་བེད་སྤྱོད་གནང་སྐབས་ཆབ་སྲིད་ནག་ཉེས་འོག་འཛིན་བཟུང་བྱེད་བཞིན་པ། ཨ་རི་གཞུང་ནས་རྒྱ་ནག་གི་གསར་འགོད་པ་ཨ་རི་ནང་རང་དབང་སྤྲོད་བཞིན་པ་ལྟར། ཨ་རི་གཙོས་པའི་ཕྱིའི་གསར་འགོད་པ་རྣམས་ཀྱང་བོད་དང་རྒྱ་ནག་ནང་རང་དབང་ཐོག་བསྐྱོད་རྒྱུར་འབད་རྩོན་གནང་དགོས་པ། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་སྤེལ་བཞིན་པར་ངེས་པར་དུ་གདོང་ལེན་གནང་དགོས་པ་སོགས་ཀྱི་སྐོར་ལ་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།