ཨ་རིའི་གྲོས་ཚོགས་གོང་མས་ཤིང་ཅང་གི་ཐོན་རྫས་ཐམས་ཅད་བཀག་སྡོམ་བྱེད་པའི་ཁྲིམས་འཆར་གཏན་ལ་ཕབ་འདུག
རྒྱ་ནག་གིས་ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་“མི་རིགས་རྩ་མེད་”ཀྱི་སྲིད་བྱུས་ལ་ཉེས་ཆད་གཅོད་པའི་ཆེད། ཨ་རིའི་གྲོས་ཚོགས་གོང་མས་སྤྱི་མོས་ཐོག་ནས་ཤིང་ཅང་ནས་ཐོན་པའི་ཚོང་རྫས་གཅིག་ཀྱང་ནང་འདྲེན་བྱེད་མི་ཆོག་པའི་ཁྲིམས་འཆར་གཏན་ལ་ཕབ་འདུག
དེ་རིང་སྟེ་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མས་སྤྱི་མོས་ཐོག་ནས་ཤིང་ཅང་གི་ཐོན་རྫས་གཅིག་ཀྱང་ནང་འདྲེན་བྱེད་མི་ཆོག་པའི་ཁྲིམས་འཆར་ཞིག་གཏན་ལ་ཕབ་ཡོད་འདུག་པ་དང་། དེ་ནི་ཨ་རིས་པེ་ཅིང་སྲིད་གཞུང་ལ་བཏང་བའི་ཉེས་ཆད་གསར་ཤོས་དང་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་འདུག
ཐེངས་འདིར་གཏན་ལ་ཕབ་པའི་ཡུ་གུར་གྱི་བཙན་དབང་ངལ་རྩོལ་བཀག་འགོག་ཁྲིམས་(The Uyghur Forced Labor Prevention Act)ཞེས་པའི་ནང་། ཨ་རིའི་གཞུང་འཛིན་མི་སྣ་རྣམས་ཀྱིས་དཔང་ཡིག་མཁོ་སྤྲོད་བྱས་ན་མ་གཏོགས། ཤིང་ཅང་ནས་ཐོན་པའི་ཚོང་རྫས་རྣམས་བཙན་དབང་ངལ་རྩོལ་གྱི་་ཐོན་སྐྱེད་ཡིན་པའི་ངོས་འཛིན་བྱས་ཏེ་བཀག་སྡོམ་བྱེད་དགོས་སྐོར་འཁོད་ཡོད་འདུག
ཨ་རིའི་ཁྲིམས་ལུགས་གཏན་འབེབས་བྱེད་སྲོལ་ལྟར། ཁྲིམས་འཆར་དེ་ངེས་པར་དུ་གྲོས་ཚོགས་འོག་མ་བརྒྱུད་དེ་ཨ་རིའི་སྲིད་འཛིན་བྷ་ཌན་གྱི་གསོལ་ཅོག་ལ་འགྲོ་དགོས་པ་དང་། གལ་སྲིད་གྲོས་ཚོགས་འོག་མ་ནས་ཀྱང་སྤྱི་མོས་སམ་མང་མོས་ཀྱིས་གཏན་ལ་ཕབ་ན། དེ་ནས་སྲིད་འཛིན་གྱིས་མཚན་རྟགས་བཀོད་རྗེས། ད་གཟོད་དངོས་སུ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་སུ་འགྱུར་གྱི་ཡོད་འདུག ད་ལྟའི་ཆར་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་དུ་བགྲོ་གླེང་དང་འོས་ཤོག་ག་དུས་འཕེན་རྒྱུ་ཡིན་པ་གཏན་འཁེལ་ཡོད་མི་འདུག
ཁྲིམས་འཆར་འདོན་མཁན་གྱི་གྲོས་ཚོགས་འཐུས་མི་མར་ཁོ-རུའོ་བྷོའོ་(Marco Rubio)ཡིས་གྲོས་ཚོགས་འོག་མ་ལ་འཕྲལ་དུ་ཁྲིམས་འཆར་དེའི་ཐོག་ལས་ཀ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་། ཁོང་གིས་“ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ནག་ཉེས་ཚབས་ཆེན་རྣམས་མ་མཐོང་ཁུལ་བྱེད་རྒྱུ་མེད་ལ། བཟོ་ཚོང་ཁང་རྣམས་ལ་མནར་གཅོད་དང་གདུག་རྩོབ་འདི་དག་ལས་ཁེ་བཟང་ལེན་དུ་འཇུག་རྒྱུ་མེད་”ཅེས་བརྗོད་འདུག
ཨ་རི་དང་། ཁ་ན་ཊ། ནེ་དྷར་ལན་ཌི། དབྱིན་ཇི་བཅས་འདུས་པའི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་འགས། རྒྱ་ནག་གཞུང་གིས་ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་“མི་རིགས་རྩ་མེད་”ཀྱི་སྲིད་བྱུས་སུ་ངོས་འཛིན་བྱས་ཟིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།