ཨ་རིའི་གྲོས་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་འདུག 

 ཕྱི་ཟླ་༦ པའི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་།  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས།  རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བཞེས་པའི་༸སྐུའི་འཁྲུངས་སྐར་དགའ་སྟོན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་འདུག་པ་དང་།  

  མཛད་སྒོ་དེ་ཡང་ཕྱི་ཟླ་ ༦ ཚེས་ ༢༤ དང་ ༢༥ བཅས་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་སྒྲི་སི་རུ་ལོ་གཅིག་དུས་གཅིག་གི་བོད་དོན་ཞུ་གཏུག་ལས་འགུལ་གྱི་དུས་ཚོད་དང་བསྟུན་ཏེ་གྲ་སྒྲིག་ཞུས་པ་ཞིག་ཡིན་འདུག   ཐེངས་འདིའི་ཞུ་གཏུག་ལས་འགུལ་ནང་ཨ་རིའི་ས་གནས་ཁག་ ༢༥ ལྷག་ཙམ་ནས་མི་གྲངས་ ༡༨༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག་ལ།

འཁྲུངས་སྐར་གྱི་མཛད་སྒོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མ་ཧི་ཀལ་མེ་ཀོལ་དང་། ལྕམ་སྐུ་ནེན་སི་པི་ལོ་སི། སྐུ་ཞབས་ཇིམ་མེག་གྷོ་ཝན་གཙོས་གྲོས་ཚོགས་འོག་མའི་གྲོས་འཐུས་འགའ་དང་གྲོས་ཚོགས་འཐུས་མིའི་འབྲེལ་ཡོད་ལས་བྱེད།  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གཙོས་ས་གནས་ ༢༥ ནས་བོད་དོན་ཞུ་གཏུག་གནང་མཁན་བཅས་ཁྱོན་བསྡོམས་མི་གྲངས་ ༢༠༠ ལྷག་ཙམ་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོས་མཛད་སྒོ་གཙོ་སྐྱོང་གནང་ཞིང་། གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་མེ་ཀོལ་དང་། སྐུ་ཞབས་ཇིམ་མེག་གྷོ་ཝན་ལྕམ་སྐུ་ནེན་སི་པི་ལོ་སི་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་གདུག་རྩུབ་ཀྱི་སྲིད་བྱུས་གང་འདྲ་ཞིག་བཟུང་ཡང་།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགྲར་འཛིན་དང་སྡང་ཟུག་གི་རྣམ་པ་མེད་པར་བྱམས་བརྩེའི་དགོངས་པ་བཞེས་ཐུབ་ཀྱི་ཡོད་པའི་སྐོར་དང་། ཕྱོགས་ཚང་མས་འབད་བརྩོན་བྱས་པ་ལ་བརྟེན་ནས་སྔ་ལོར་ལོ་རྒྱུས་རང་བཞིན་ལྡན་པའི་བོད་དོན་ཁྲིམས་ཡིག་ཁྲིམས་སུ་གཏན་འབེབས་གནང་ཐུབ་པའི་སྐོར་སོགས་དང་། དེ་བཞིན་ཉེ་ཆར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་ཉིན་ཏེ།  ཕྱི་ཟླ་ ༧ ཚེས་ ༦  “བྱམས་བརྩེའི་ཉིན་མོར།” སྲུང་བརྩི་ཞུས་ནས་བོད་དང་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པ་བྱེད་རྒྱུའི་གྲོས་ཆོད་ངོ་སྤྲོད་གནང་ཡོད་པའི་སྐོར།  གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་བོད་དུ་ཕྱིར་ལོག་གནང་མ་ཐུབ་བར་བོད་པར་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པའི་སྐོར་སོགས་གསུང་བཤད་གནང་འདུག་པ་དང་།

དེ་བཞིན་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་གཞན་གྱིས་བརྙན་པར་བརྒྱུད་༸གོང་ས་མཆོག་གི་༸སྐུའི་གོ་སྟོན་ལ་འཚམས་འདྲིའི་གསུང་བཤད་གནང་ཡོད་འདུག གསུང་བཤད་ཀྱི་རིམ་པ་གྲུབ་རྗེས་མཛད་སྒོའི་ཐོག་བོད་དོན་ཞུ་གཏུག་ལ་ཕེབས་མཁན་བོད་པའི་གཞོན་སྐྱེས་ཁག་ཅིག་ནས་ “༸གོང་ས་མཆོག་ཐུགས་རྗེ་ཆེ།” ཞེས་པའི་བསྟོད་དབྱངས་གཟིགས་འབུལ་དང་།  མི་ལོ་ ༡༤ སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝ་ཤིང་ཊོན་དུ་ཆིབས་བསྒྱུར་སྐབས་ “སྐྱེས་སྐར།” གྱི་གོ་དོན་ལ་༸གོང་ས་མཆོག་སྐུ་སྒེར་གྱིས་གཟིགས་ཚུལ་གསུངས་པའི་བརྙན་ཐུང་ཞིག་ཚང་མའི་དྲན་གསོའི་ཆེད་གཟིགས་འབུལ་ཞུས་ཡོད་འདུག

གཞན་ཡང་སྐུ་ཚབ་དོན་གཅོད་ནས་གྲོས་ཚོགས་འཐུས་མི་རྣམ་པ་དང་།  མཛད་སྒོར་མཉམ་ཞུགས་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི།  གྲོས་ཚོགས་ཀྱི་འཐུས་མིའི་ལས་བྱེད་པ།  ལྷག་པར་བོད་དོན་ཞུ་གཏུག་གནང་བར་ཕེབས་མཁན་བཅས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཞུའི་གསུང་བཤད་གནང་ཡོད་འདུག གོང་གསལ་གསར་འགྱུར་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་ཕྱོགས་བཏུས་བྱས།

གསར་འགོད་པ། བསྟན་འཛིན་ལམ་བཟང་།