ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གཞུང་ཚབ་ཁང་གི་ཕྱིའི་སྲང་ལམ་དེ་རྒྱ་ནག་གི་སྨན་པ་ལི་ཡི་མིང་དུ་བསྒྱུར་རྒྱུའི་གྲོས་འཆར་བཏོན་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁ་ཐོག་མར་ཕྱིར་བསྒྲགས་བྱས་པར་བརྟེན་ནས་རྒྱ་གཞུང་གི་ཉེས་ཆད་ཕོག་པ་མ་ཟད། མཐར་ནད་ཡམས་དེའི་རྐྱེན་གྱིས་སྐུ་གྲོངས་པའི་སྨན་པ་ལི-ཝན་ལིན་(Li Weliang)རྗེས་དྲན་ཞུ་བའི་སླད། ཝ་ཤིན་ཏྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱིའི་སྲང་ལམ་དེའི་མིང་ཁོང་གི་མཚན་དུ་བསྒྱུར་རྒྱུའི་གྲོས་འཆར་བཏོན་ཡོད་འདུག
ཕྱི་ཟླ་ ༥ ཚེས་ ༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཨ་རིའི་གྲོས་ཚོགས་འཐུས་མི་འགས་ཝ་ཤིན་ཏྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱིའི་སྲང་ལམ་དེའི་མིང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་བརྡ་གཏོང་མཁན་ཐོག་མ་སྟེ། ཝུའུ་ཧན་གྲོང་ཁྱེར་གྱི་སྨན་པ་ལི-ཝན་ལིན་གྱི་མཚན་དུ་བསྒྱུར་དགོས་པའི་གྲོས་འཆར་བཏོན་ཡོད་འདུག་ཅིང་། དེས་པེ་ཅིང་ལ་ཁོང་ཁྲོ་དྲག་པོ་སློང་རྒྱུ་གཏན་ཁེལ་ཡིན་འདུག
གྲོས་འཆར་དེའི་ནང་། ད་ལྟ་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་ལ་ཡོད་པའི་“རྒྱལ་སྤྱིའི་ཁྲོམ་ལམ་”ཞེས་པ་དེའི་མིང་བསྒྱུར་ཏེ་དེའི་ཚབ་ཏུ་“ལི-ཝན་ལིན་ཁྲོམ་ལམ་”ཞེས་གདགས་རྒྱུ་ཡིན་འདུག
སྨན་པ་ལི་ནི་ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་ཝུའུ་ཧན་གྲོང་ཁྱེར་དུ་འཇིགས་སུ་རུང་བའི་ནད་འབུ་གསར་པ་ཞིག་ཁྱབ་གདལ་འགྲོ་བཞིན་ཡོད་པའི་ཉེན་བརྡ་གཏོང་མཁན་དང་པོ་དེ་ཡིན་ན་ཡང་། ཉེན་རྟོག་པས་ཁོང་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། ཁོང་ལ་རྗེས་སུ་“ཁྲིམས་དང་འགལ་བའི་བྱ་སྤྱོད་”སྤེལ་རྒྱུ་མིན་པའི་ཁས་ལེན་ཡི་གེ་ཞིག་ལ་མཚན་རྟགས་ཀྱང་འགོད་དུ་བཅུག་ཡོད། ཁོང་འདི་ལོའི་ཕྱི་ཟླ་ ༢ ནང་ནད་ཡམས་དེའི་རྐྱེན་གྱིས་སྐུ་གྲོངས་པ་དེས་རྒྱ་ནག་རྒྱལ་ཡོངས་ནས་སེམས་སྡུག་དང་ཁོང་ཁྲོ་དྲག་པོ་བསླངས་ཡོད་འདུག
གྲོས་ཚོགས་གོང་མའི་ནང་བཏོན་པའི་གྲོས་འཆར་དེའི་ཐད་ལ། སྤྱི་འཐུས་ཚོགས་པའི་གྲོས་ཚོགས་འཐུས་མི་ཋོམ-ཁོ་ཋོམ་(Tom Cotton)གྱིས་ཨ་རིས་རྒྱ་ནག་གཞུང་ཚབ་ཁང་གི་ཕྱིའི་སྲང་ལམ་གྱི་མིང་གཏན་དུ་བརྗེས་ཏེ། “ལི-ཝན་ལིན་ཞེས་པའི་མིང་དེ་ནམ་ཡང་རྗེད་དུ་མེད་པ་བཟོ་དགོས་”ཚུལ་བཤད་ཡོད་འདུག་པ་དང་། གྲོས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་གཅིག་ནི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ-རུའུ་བྷེའོ་(Marco Rubio)ཆགས་ཡོད་འདུག
ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གཞུང་ཚབ་ཁང་གི་ཕྱིའི་སྲང་ལམ་དེའི་མིང་བརྗེ་དགོས་པའི་གྲོས་འཆར་བཏོན་པ་དེ་ད་ཐེངས་ཐོག་མ་མ་ཡིན་པར། དེ་སྔོན་ཕྱི་ལོ་ ༢༠༡༤ ལོར་ཡང་སྲང་ལམ་དེའི་མིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་མྱོང་བའི་རྒྱ་ནག་གི་རྩོམ་པ་པོ་འདས་པོ་ལུའུ-ཞའོ་བྷོ་(Liu Xiaobo)ཡི་མཚན་དུ་བསྒྱུར་དགོས་པའི་གྲོས་འཆར་བྱུང་འདུག་ན་ཡང་། སྐབས་དེའི་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་པེ་ཅིང་ལ་བསྟུན་ཆེད་དམིགས་བསལ་སྲིད་འཛིན་ཐོབ་ཐང་བེད་སྤྱོད་བྱས་ཏེ་གྲོས་འཆར་དེ་རྩིས་མེད་གཏོང་རྒྱུ་ཡིན་པའི་རྣམ་པ་བསྟན་རྗེས། གྲོས་འཆར་དེར་ལམ་ལྷོང་བྱུང་བར་བསྐྱུར་ཡོད་འདུག
ད་ལྟ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་རིམ་པ་གསར་པ་ཞིག་ཏུ་བསླེབས་ནས་ཉིན་རེ་བཞིན་སྡུག་ཏུ་འགྲོ་བཞིན་པའི་སྒང་ཡིན་ཏེ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མིས་རྒྱ་ནག་ལ་ཁ་གཏད་དྲག་པོ་གཅོག་པའི་འགོ་བརྩམས་ཡོད་པ་མ་ཟད། ཊོམ་སྲིད་གཞུང་ནས་འཛམ་གླིང་ཁྱོན་དུ་མི་འབུམ་ ༢ དང་ཁྲི་ ༥ ལྷག་གི་ཚེ་སྲོག་འཕྲོག་མཁན་དང་། གོ་ལའི་དཔལ་འབྱོར་ལ་ཚད་ལད་བརྒལ་བའི་བརྡབ་གསིག་དྲག་པོ་སློང་བྱེད་ཀྱི་ནད་ཡམས་དེ་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ནས་བྱུང་བའི་དཔང་རྟགས་ཡོད་ཚུལ་རྗོད་ཀྱིན་ཡོད་པའི་ཐོག ཐ་ན་རྒྱ་ནག་ལ་སྒོ་ཁྲལ་གསར་པ་འཇལ་རྒྱུ་ཡིན་པ་དང་། འདི་ལོའི་འགོ་སྟོད་ལ་བཞག་པའི་ཨ་རྒྱའི་ཚོང་འབྲེལ་གྲོས་མཐུན་དང་པོ་རྩིས་མེད་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱེད་ཀྱིན་ཡོད་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།