ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ཟེར་མཚམས་འཇོག་དགོས་སྐོར་གསུངས་འདུག

ཨ་རིིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio) དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་(Patrick Leahy) གཉིས་ཀྱིས་ཕྱི་སྲིད་ལས་ཁུངས་ཀྱི་ ༢༠༢༠ ལོའི་ལོ་འཁོར་སྙན་ཐོའི་ནང་བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་འགྲེལ་བརྗོད་མ་གནང་བར་བསྔགས་བརྗོད་དང་། རྗེས་སུ་ཨ་རིའི་གཞུང་འབྲེལ་སྙན་ཐོ་ཚང་མའི་ནང་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་མཚམས་འཇོག་དགོས་སྐོར་གསུངས་འདུག

གྲོས་ཚོགས་འཐུས་གཉིས་ཀྱིས་ཕྱི་ཟླ་ ཚེས་ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁི་(Antony Blinken) ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། ཁོང་གཉིས་ཀྱིས་ཕྱི་སྲིད་ལས་ཁུངས་ཀྱི་ ༢༠༢༠ ལོའི་ལོ་འཁོར་སྙན་ཐོའི་ནང་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་ཚིག་མ་བཅུག་པ་དེར་དགའ་བསུ་དང་བསྔགས་བརྗོད་གནང་བ་མ་ཟད། རྗེས་སུ་ཨ་རིའི་གཞུང་གིས་བོད་དོན་གྲོས་མོལ་དང་། རྒྱལ་སྤྱིའི་ཆོས་དད་རང་དབང་། དེ་བཞིན་བོད་དོན་སྐོར་གྱི་སྙན་ཐོ་འདོན་སྐབས། བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་འགྲེལ་བརྗོད་གནང་རྒྱུ་མེད་པའི་རེ་སྐུལ་གནང་འདུག

ཞུ་ཡིག་དེའི་ནང་། ཁོང་གཉིས་ཀྱིས་ཨ་རིས་སྔོན་ཆད་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་ངོས་འཛིན་བྱེད་པའི་སྐད་ཆ་བཤད་ཡོད་པ་དེས་བོད་ཀྱི་གནད་དོན་དང་། ཨ་རིའི་སྲིད་བྱུས་ལ་ལྡོག་ཕྱོགས་ཀྱི་འབྲས་བུ་ཐོན་ཡོད་པ་དང་།རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་དགོས་མཁོའི་ཆེད་དུ་ལོ་རྒྱུས་ལ་འཁྱོག་བཤད་དང་། ཡང་གནས་སྟངས་འགའ་ཤས་ནང་དུ་ལོ་རྒྱུས་ཡོངས་སུ་རྫུན་བཟོ་བྱེད་ཀྱི་ཡོད་ཅེས་ འགྲེལ་བརྗོད་གནང་འདུག  

གྲོས་ཚོགས་འཐུས་མི་ཁོང་གཉིས་ནི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གྱི་སྤྱིན་བདག་ཡིན་ཞིང་། རྒྱུན་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་གདོང་དུ་བུད་དེ་སྐྱོན་བརྗོད་གནང་མཁན་གཉིས་ཡིན་པ་རེད།

གསར་འགོད་པ་དཀོན་མཆོག་རབ་བརྟན།