ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གི་གསང་མྱུལ་ཡོང་ཁུངས་སློབ་ཕྲུག་ཐོངས་མཆན་འགོག་ཐབས་བྱེད་བཞིན་པ།

ལོ་གཅིག་གི་ནང་། རྒྱ་ནག་གི་སློབ་ཕྲུག་འབུམ་གསུམ་ཙམ་ཨ་རི་ལ་སློབ་སྤྱོང་བྱེད་དུ་སྐྱོད་ཀྱི་ཡོད་པ་དང་། སློབ་ཕྲུག་དེ་དག་གི་ཁྲོད། འགའ་ཤས་ཀྱིས་གསང་མྱུལ་བྱས་པ་སོགས་ཨ་རིའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པར་བརྟེན། ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཐོངས་མཆན་མཚམས་འཇོག་གི་ཁྲིམས་འཆར་ཞིག་འདོན་རྒྱུ་ལ་འབད་བརྩོན་བྱེད་བཞིན་ཡོད་འདུག

པར། WIKIPEDIA

ཟླ་འདིའི་ཚེས་༡༣ ཉིན། རྒྱལ་སྤྱིིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རི་ལི་མུར་(Riley Moore) ཟེར་བ་ཞིག་གིས། ཨ་རིའི་ཚེས་༡༤ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་ཐོངས་མཆན་མཚམས་འཇོག་གི་ཁྲིམས་འཆར་(the stop CCP Visas Act) ཟེར་བ་ཞིག་གྲོས་ཚོགས་སུ་འདོན་རྒྱུ་ལ་འབད་བརྩོན་བྱེད་བཞིན་ཡོད་འདུག

ཁྲིམས་འཆར་དེ་ད་ལྟའི་ཆར་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཚོར་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང་། ཁྲིམས་འཆར་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་ཚོའི་ཁྲོད་ནས། སྐུ་ཞབས་ཨན་ཌི་ཨོག་གྷལ་སི་(Andy Ogles) དང་། སི་ཁོཊ་པེ་རི(Scott Perry)། བྷི་རན་ཌོན་གྷིལ་(Brandon Gill) བཅས་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག

གྲོས་ཚོགས་འཐུས་མི་སྐུ་ཞབས་མི་རི་ལི་མུར་གྱིས་(Fox) གསར་ཁང་ལ། ལོ་རེར་ང་ཚོས་རྒྱ་ནག་གི་མི་སེར་འབུམ་༣ ཙམ་ཨ་རི་ལ་སློབ་ཕྲུག་གི་ཐོངས་མཆན་སྤྲད་ནས་ཡོང་འཇུག་གི་ཡོད། དོན་དངོས་སུ་ང་ཚོས་རྒྱ་ནག་དམར་ཤོག་ཆོགས་པར། ང་ཚོའི་དམག་དཔུང་ལ་གསང་མྱུལ་དང་། གསང་བའི་གནས་ཚུལ་རྐུ་འཁྱེར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་མགྲོན་འབོད་བྱེད་ཀྱི་ཡོད་ཅེས་དང་། ན་ནིང་ཨ་རི་དང་ཐའེ་ཝན་མཉམ་འབྲེལ་གྱིས་དམག་སྦྱོང་བྱེད་བཞིན་པའི་སྐབས། རྒྱ་མི་ལྔ་ཡིས་བརྙན་ལེན་བཞིན་པའི་དུས་སུ་ཨ་རི་གསང་བའི་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོ་ནི་སློབ་ཕྲུག་གི་ཐོངས་མཆན་འོག་ཨ་རི་ལ་སླེབ་མཁན་ཆགས་ཡོད་པར་བརྗོད་འདུག

ཁོང་གིས་རྒྱ་གཞུང་གིས་སློབ་ཕྲུག་ཚོའི་ཐོངས་མཆན་ལས་རིམ་བེད་སྤྱོད་ལོག་པ་བྱེད་བཞིན་པའི་ཐད། གྲོས་ཚོགས་ཀྱིས་འགུལ་སྐྱོད་བྱེད་དགོས་པ་དང་། རྒྱ་ནག་གི་སློབ་ཕྲུག་གི་ཐོངས་མཆན་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག།།

ཨ་རི་ལ་སློབ་སྦྱོང་བྱེད་དུ་ཡོང་མཁན་མང་པོ་ཡོད་པའི་ཁྲོད་ནས། མང་ཤོས་རྒྱ་ནག་དང་། དེ་ནས་རྒྱ་གར་དང་ལྷོ་ཀོ་རི་ཡ་བཅས་ཆགས་ཀྱི་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།