ཨ་རིའི་གྲོས་ཚོགས་འོག་མས་བོད་ལ་ཡང་དག་པའི་རང་སྲིད་རང་སྐྱོང་ཡོད་དགོས་པའི་གྲོས་ཆོད་བཞག་འདུག
ཕྱི་ཟླ་༡༡ ཚེས་༡༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་རྣམས་ཀྱིས་སྤྱི་མོས་ཐོག་ནས་བོད་དང་བོད་མིར་ཡང་དག་པའི་རང་སྲིད་རང་སྐྱོང་ཡོད་དགོས་པ་དང་། ༧གོང་ས་མཆོག་གི་འཛམ་གླིང་ཞི་བདེ་སྐྲུན་པའི་མཛད་འཕྲིན་གལ་ཆེན་དུ་ངོས་འཛིན་བྱེད་པའི་གྲོས་ཆོད་ཅིག་བཞག་འདུག
ཐེངས་འདིའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེ་ནི་གྲོས་ཚོགས་འོག་མའི་ནང་དུ་ངག་ཐོག་བརྒྱུད་དེ་བཞག་པ་ཞིག་ཡིན་འདུག་པ་དང་། དེའི་ནང་༧གོང་ས་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་ལྷན་དུ་རྒྱལ་སྤྱིའི་རྩོད་རྙོག་ཞི་བས་སེལ་ཐབས་ཀྱི་གྲོས་མོལ་བྱེད་པའམ། ཡང་ན་ཕོ་བྲང་དཀར་པོའི་ནང་དུ་གྲོས་ཚོགས་གོང་འོག་གཉིས་ཀ་དང་། ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་མོལ་གླེང་སྟེགས་སྐོང་འཚོགས་བྱས་ན་ཕན་འབྲས་ཆེ་ཚུལ་བཀོད་འདུག
དེ་མིན་ད་དུང་། གྲོས་ཆོད་དེའི་ནང་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག རྒྱལ་ཁབ་ཀྱི་འདུ་ཤེས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འདོད་པའི་མངོན་འདོད་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་སྐོར་ཡང་བཀོད་འདུག
གྲོས་ཆོད་འདི་བཞག་པའི་གནད་དོན་དང་འབྲེལ་བའི་ཐད་ལ། གྲོས་ཚོགས་འཐུས་མི་ཐྲ་ཊི-ཡོ་ཧོ་(Ted Yoho) ཡིས་“གྲོས་ཚོགས་འོག་མ་ནས་བོད་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡང་ཐབས་དང་། ༧ཏཱ་ལའི་བླ་མའི་མཛད་འཕྲིན་ངོས་འཛིན་བྱེད་པའི་ངའི་གྲོས་ཆོད་འདི་གཏན་འབེབས་བྱས་པར་དགའ་སྤོབས་ཆེན་པོ་བྱུང་། ཨ་རིས་ངེས་པར་དུ་མུ་མཐུད་མཐུན་གྲོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་གྱིས་བོད་མི་རྣམས་བཙན་གནོན་ལས་བསྒྲོལ་ནས་རང་དབང་འཐོབ་པ་བྱེད་དགོས་”ཞེས་བརྗོད་འདུག
གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སིའི-ཕེ་ལོ་སི་(Nancy Pelosi) ཡིས་ཋོའུ་ཋར་དྲ་བའི་ཐོག་ཏུ་གྲོས་ཆོད་གཏན་འབེབས་དང་འབྲེལ་བའི་སྐད་ཆ་ཞིག་བཞག་པའི་ནང་། ཁོང་གིས་“དེ་རིང་གྲོས་ཚོགས་འོག་མས་གྲོས་ཆོད་འདི་བཞག་སྟེ་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་བརྡ་ལན་ཤུགས་ཆེན་པོ་ཞིག་བཏང་ཡོད། གྲོས་ཚོགས་འོག་མས་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་ཐོག་ནས་བོད་ཀྱི་ཆོས་ལུགས་དང་རིག་གཞུང་གི་རང་དབང་དང་། ཧོང་ཀོང་གི་ཁྲིམས་དང་སྒྲིག་གཞིའི་ཆེད་དུ་རྟག་ཏུ་འཐབ་རྩོད་བྱེད་ངེས་རེད་”ཅེས་གསུངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།