ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་གླེང་སློང་བྱས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་བྱས་འདུག་པ་དང་། དེའི་ནང་བོད་རྒྱ་གཉིས་ཀྱི་གྲོས་མོལ་མྱུར་དུ་བསྐྱར་གསོ་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས། བོད་ཀྱི་ཆབ་སྲིད་བཙོན་པའི་སྐོར་ལ་གཏམ་བཤད་བྱས་འདུག

ཟླ་༥ པའི་ཚེས་༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern གིས། གྲོས་ཚོགས་ནང་༧གོང་ས་མཆོག་སྐུ་པར་མདུན་དུ་བཤམས་ནས། ཕྱི་ལོ་༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཞུ་ཆེད། བོད་དོན་སྲིད་ཇུས་ཞེས་པ་གཏན་འབེབས་གནང་ནས་བོད་མིའི་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་། ཐུན་མིན་ངོ་བོ་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་ཡོད། སྲིད་བྱུས་དེའི་འོག རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་གསལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གང་མགྱོགས་ཞུ་དགོས་པ་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་གྲོལ་དགོས་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་གསར་འཛུགས་དགོས་པ། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་གང་ཡང་མེད་པའི་ཐོག་ནས་ཐོས་བསམ་སློབ་གཉེར་གནང་ཐུབ་པ་ཡོང་ཐབས་སོགས་འཁོད་ཡོད་ཁར། ལོ་༡༥ ཡི་རྗེས་སྲིད་ཇུས་དེའི་ནང་འཁོད་པའི་གནད་དོན་རྣམས་ལ་འགྱུར་བ་དེ་ཙམ་བྱུང་མེད་སྐོར་བརྗོད་ནས། བོད་རྒྱ་ཞི་མོལ་དེ་ཕྱི་ལོ་༢༠༡༠ ལོར་མཚམས་འཇོག་བྱས་ནས་ད་བར་བསྐྱར་གསོ་བྱེད་ཐུབ་མེད་པ། བོད་ནང་ཆབ་སྲིད་བཙོན་པ་བརྒྱ་ཕྲག་མང་པོ་རྒྱ་ནག་གི་བཙོན་འོག་ཏུ་མུ་མཐུད་དཀའ་སྡུག་མྱོང་བཞིན་ཡོད་པ་དང་། དེ་དག་ཁྲོད་མང་པོ་ཞིག་དགེ་འདུན་པ་ཡིན་པ། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལྟ་བུ་བཙོན་ཁང་ནང་བཀག་ཉར་འོག་འདས་གྲོངས་སུ་འགྱུར་བཞིན་ཡོད། ༧པཎ་ཆེན་རིན་པོ་དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་སྐོར་གང་ཡང་གསལ་བཤད་བྱས་མེད་པ། ལྷ་སའི་ནང་ད་བར་ཨ་རིའི་གཞུང་ཚབ་གསར་འཛུགས་ཐུབ་མེད་པ་སོགས་གཏམ་བཤད་བྱས་འདུག

དེ་བཞིན་ཁོང་ལ་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་ཡང་ཡང་འབྱོར་བཞིན་འདུག དཔེར་ན། བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་གྲགས་ཆེན་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་དང་། བོད་མི་ཚོར་སོ་སོའི་ལུང་པའི་ནང་རང་དབང་ཐོག་ནས་འགྲོ་བསྐྱོད་བྱ་རྒྱུར་དམ་དྲགས་སུན་གཙེར་བཟོ་བཞིན་པའི་གནས་སྟངས་སོགས་ལ་བརྟེན་ད་ཆ་ཨ་རིའི་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ལ་བསྐྱར་དུ་བསམ་བོ་གཏོང་བའི་དུས་ལ་བབ་ཡོད་སྐོར་དང་། བོད་ནང་དུ་བོད་མི་ཚོར་འགྲོ་བསྐྱོད་ཀྱི་རང་དབང་སོགས་མེད་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གྲོངས་རྐྱེན་དེ་རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་རྟོག་ཞིབ་ཚོགས་ཆུང་གིས་ཞིབ་འཇུག་བྱེད་དུ་འཇུག་དགོས་པ། ཨ་རིའི་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་ཏེ། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་བྱེད་དགོས་པ། སྲིད་གཞུང་ངོས་ནས་༧གོང་ས་མཆོག་དང་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ཆབ་སྲིད་ཀྱི་འགོ་ཁྲིད་དང་ལྷན་དུ་འབྲེལ་བ་བྱེད་དགོས་པ། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ། བོད་ནང་དུ་ཨ་རིའི་གསར་འགོད་པ་དང་སྐུ་ཚབ་རང་དབང་ངང་འགྲོ་ཆོག་པ་བཟོ་རྒྱུའི་ཁྲིམས་འཆར་མྱུར་དུ་འདོན་རྒྱུ་ཡིན་པ་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་འདུག

དེ་རྗེས་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ལྕམ་ཨི་ལེ་ཡ་ན་ལེ་ཊི་ནེན་ Ileana Ros-Lehtinen ཡིས། རྒྱ་ནག་གིས་༧གོང་ས་མཆོག་བོད་དུ་ཕེབས་འཇུག་གི་མེད་ཁར། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་ཀྱི་མེད་པ། ཕྱི་ལོ་ ༢༠༠༧ ལོར་ཁོང་མོས་༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཁྲིམས་འཆར་བཏོན་ཡང་། ལོ་ངོ་བཅུའི་རྗེས། བོད་ཀྱི་གནད་དོན་ཟུར་ཕུད་བྱས་ནས་ལྷག་པ་ནི་ཧ་ཅང་བློ་ཕམ་གྱི་གནས་ཡིན་པ་དང་། ནོར་འཁྲུལ་དེ་བོད་མི་ཙམ་མ་ཟད། ཨེ་ཤི་ཡའི་གླིང་ཆེན་ཡོངས་རྫོགས་ལ་རྗེས་འབྲས་ངན་པ་ཞིག་ཡོང་ངེས་ཡིན་པ། བོད་དེ་ཨེ་ཤི་ཡའི་གཙང་པོ་གཙོ་ཆེ་ཁག་མང་པོ་ཞིག་གི་འབྱུང་ཁུངས་ཆགས་ཡོད་སྟབས། རྒྱ་ནག་གཞུང་གི་བོད་ནང་བརྟན་ལྷིང་མེད་པའི་གནས་སྟངས་བཟོ་བཞིན་པ་དེས་གཡས་གཡོན་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་དོ་ཕོག་གཏོང་རྒྱུའི་ཉེན་ཁ་ཧ་ཅང་ཡོད་པ། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་ཚབ་བྱས་ནས་ཆིག་སྒྲིལ་ངང་ཤུགས་དྲག་ཆེ་རུ་འགྲོ་བཞིན་པའི་རྒྱ་ནག་དམར་ཤོག་གི་་བཙན་བཤེད་ཀྱི་བྱ་སྤྱོད་ལ་ཁ་གཏད་གཅོག་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་གཏམ་བཤད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།