ཨ་རིའི་གྲོས་ཚོགས་སུ་“ཐའེ་ཝན་དྲག་པོའི་བཙན་འཛུལ་ལས་སྲུང་སྐྱོབ་”དགོས་པའི་ཁྲིམས་འཆར་བཏོན་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་ཐའེ་ཝན་ལ་ཕྱིའི་བཙན་འཛུལ་བྱུང་ན་དྲག་པོའི་དམག་བཏང་ནས་སྲུང་སྐྱོབ་བྱེད་ཆོག་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་འདུག
ཕྱི་ཟླ་༧ པའི་ཨ་རིའི་ཚེས་༢༩ རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཋེ་ཌི-ཡོ་ཧོ་(Ted Yoho)ཡིས་ཨ་རིའི་གྲོས་ཚོགས་སུ་“ཐའེ་ཝན་དྲག་པོའི་བཙན་འཛུལ་ལས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་”(Taiwan Invasion Preventation Act)ཞེས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་འདུག་པ་དང་། ཁྲིམས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་ན། ཨ་རིའི་སྲིད་འཛིན་གྱིས་དམག་བཏང་ནས་ཐའེ་ཝན་སྲུང་སྐྱོབ་བྱེད་ཆོག་པ་བཟོ་རྒྱུ་དེ་ཡིན་འདུག་ན་ཡང་། དེའི་ནང་རྒྱལ་ཁབ་གཉིས་ཀྱི་བར་དུ་རང་དབང་གི་ཚོང་འབྲེལ་དང་། དེ་བཞིན་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཕན་ཚུན་འཚམས་གཟིགས་སུ་ཕེབས་རྒྱུ་བཅས་ཀྱང་འདུས་འདུག
དྲ་ཐོག་ཏུ་བཀོད་པའི་ཁྲིམས་འཆར་གྱི་མ་ཟིན་ནང་། ཨ་ཐའེ་རྒྱལ་ཁབ་གཉིས་ཀྱི་བར་དུ་“མཐོ་རིམ་འཚམས་གཟིགས་”མང་ཙམ་ཡོང་བ་བྱེད་དགོས་སྐོར་བཀོད་འདུག་སྟེ། ཁྲིམས་འཆར་དེ་གཏན་ལ་ཕབ་པའི་རྗེས་ཀྱི་ལོ་གཅིག་གི་ནང་ཚུན་དུ་ཨ་རིའི་སྲིད་འཛིན་ནམ་སྲིད་འཛིན་གྱི་སྐུ་ཚབ་ཕྱི་སྲིད་དྲུང་ཆེ་ཐའེ་ཝན་ལ་འཚམས་གཟིགས་ཐེངས་གཅིག་ཕེབས་དགོས་པ་དང་། འཚམས་གཟིགས་སྐབས་ཐའེ་ཝན་གྱི་སྲིད་འཛིན་དང་ཐུག་འཕྲད་བྱེད་དགོས་འདུག
དེ་བཞིན་ཁྲིམས་འཆར་དེའི་ནང་ཐའེ་ཝན་གྱི་སྲིད་འཛིན་ཨ་རིར་གདན་དྲངས་ཏེ་ཨ་རིའི་སྲིད་འཛིན་ནམ་ཕྱི་སྲིད་དྲུང་ཆེ་དང་མཇལ་འཕྲད་བྱེད་དགོས་པའི་ཐོག ཐའེ་ཝན་གྱི་སྲིད་འཛིན་གྱིས་ཨ་རིའི་གྲོས་ཚོགས་དང་གྲོས་ཚོགས་འཐུས་མི་རྣམས་ལ་བགྲོ་གླེང་གཏམ་བཤད་ཀྱང་བྱེད་དགོས་ཚུལ་འཁོད་འདུག
ཨ་ཐའེ་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ཁྲོད་ཨ་རིའི་སྲིད་འཛིན་ཞིག་ཐའེ་ཝན་དུ་ཕེབས་པ་ཐེངས་གཅིག་ཁོ་ན་བྱུང་འདུག་ཅིང་། དེ་ནི་ཨ་རིའི་སྲིད་འཛིན་སོ་གསུམ་པ་ཨེ་སན་ཧོ་ཝར་(Eisenhower) ཕྱི་ལོ་༡༩༦༠ ལོར་ཐའེ་ཝན་དུ་ཕེབས་ནས་ཅང་ཅེ་ཧྲི་(Chiang Kai-shek) དང་མཇལ་འཕྲད་གནང་བ་དེ་ཡིན་འདུག་པ་དང་། ཕྱི་ལོ་༡༩༧༩ ལོར་སྲིད་འཛིན་ཇིམ་མཱ-ཁཱ་ཋར་(Jimmy Carter) གྱིས་ཐའེ་ཝན་དང་ཕྱི་འབྲེལ་སྲིད་བྱུས་ཀྱི་འབྲེལ་ཐག་བཅད་པ་ནས་བཟུང་། ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་གིས་ཐད་ཀར་ཐའེ་ཝན་གྱི་སྲིད་འཛིན་དང་གསུང་གླེང་གནང་བ་ཐོག་མ་དེ་སྲིད་འཛིན་ཊོམ་གྱིས་ཕྱི་ལོ་༢༠༡༦ གི་ལོ་སྨད་དུ་ལྕམ་ཚེ་དབྱིང་ཝན་ལ་ཞལ་པར་ཕུལ་བ་དེ་ཆགས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།