ཨ་རིའི་གྲོས་འཐུས་གཉིས་ཀྱིས་ཕྱི་ཟླ་༧ ཚེས་༦་ཉིན་དེ་བྱམས་བརྩེའི་ཉིན་མོ་གཏན་འབེབས་གནང་རྒྱུའི་གྲོས་ཆོད་ཅིག་བཏོན་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་༧གོང་ས་མཆོག་གི་གོ་སྟོན་དང་བསྟུན། བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་ཆབ་སྲིད་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཅིག་བཏོན་འདུག
ཟླ་འདིའི་ཚེས་༡༦ ཉིན། ཨ་རིའི་གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་༼Michael McCaul༽ གྱི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མ་ཧི་ཀལ་མེག་ཀོལ་༼Michael McCaul༽ མཆོག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཧན་༼Jim McGovern༽ དང་ལྷན་དུ། ༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་གུས་བརྩི་ཞུ་ཆེད། ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ ཉིན་མོ་དེ་༼བྱམས་བརྩེའི་ཉིན་མོར་༽ གཏན་འབེབས་གནང་རྒྱུའི་གྲོས་ཆོད་ཅིག་བཏོན་ཡོད་འདུག
གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་གྱིས་གསུངས་དོན། ༧གོང་ས་མཆོག་གིས་རྒྱ་ནག་དམར་ཤོག་གཞུང་ནས་གདུག་རྩུབ་དང་། བཙན་གནོན། བརྗོད་ཐབས་བྲལ་བའི་དྲག་སྤྱོད་བཅས་མྱངས་ཡོད་ན་ཡང་། མགོན་པོ་མཆོག་གིས་ནང་སེམས་ཀྱི་ཞི་བདེ་རྒྱུན་འཁྱོངས་གནང་བ་མ་ཟད། བྱམས་བརྩེའི་་བཀའ་སློབ་བསྩལ་ནས་བོད་མི་ཙམ་མ་ཟད། འཛམ་གླིང་ཡོངས་ལ་ཐུགས་སྐྱེད་བསྩལ་ཡོད་ཅེས་དང་།
དེ་བཞིན་ཁོང་གིས། ན་ནིང་དྷ་སར་༧གོང་ས་མཆོག་མཇལ་འཕྲད་ཞུས་པ་ནི་ཁོང་གི་གཟི་བརྗིད་ཅིག་ཡིན་པ་དང་། མཇལ་འཕྲད་སྐབས་སུ། ཁོང་གིས་ཨ་རིའི་གཞུང་གིས་བོད་མི་ལ་རྒྱབ་སྐྱོར་ཡོད་པ་བསྟན་པ་དང་། མི་རིགས་གཉིས་ཀྱི་མཛའ་འབྲེལ་ལ་ནན་བརྗོད་བྱས་པ་མ་ཟད། ༧གོང་ས་མཆོག་གི་སྙིང་སྟོབས་དང་། ཞི་བདེ། བློས་བཏང་གི་དབུ་ཁྲིད་མཛད་རྗེས་རླབས་ཆེན་སྐོར་ལ་ཤེས་རྟོགས་ཟབ་མོ་བྱུང་སོང་ཞེས་བརྗོད་འདུག
༧གོང་ས་མཆོག་གི་གོ་སྟོན་ཕེབས་ལ་ཉེ་བའི་དུས་སུ། ངས་སྤོབས་པ་ཆེན་པོས་བྱམས་བརྩེའི་ཉིན་མོ་ཞེས་པ་ཞིག་གཏན་འབེབས་དགོས་པའི་འབོད་སྐུལ་དང་། བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ངོས་ལེན་ནན་པོ་བྱེད་བཞིན་ཡོད། ནམ་ཞིག་༧གོང་ས་མཆོག་དང་ཁོང་གི་མི་མང་རྣམས་ཞི་བདེའི་ངང་ནས་རང་གི་ཕ་ཡུལ་ལ་ཕྱིར་ལོག་ཐུབ་པའི་ཉིན་མོ་དེ་འཆར་རྒྱུར་སྒུག་བཞིན་བསྡད་ཡོད་ཅེས་བརྗོད་འདུག
གཞན་ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཧན་༼Jim McGovern༽ མཆོག་གིས་༧གོང་ས་མཆོག་ནི་འཛམ་གླིང་ནང་གི་མི་ས་ཡ་མང་པོའི་སེམས་འགུལ་ཐེབས་ས་ཞིག་ཡིན་པ་དང་། ཁོང་གི་བཟོད་སྒོམ་དང་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་སེལ་བ་བཅས་ནི་དུས་རབས་འདིར་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་ནི་བོད་མིའི་རང་དབང་དང་ལ་རྒྱའི་དོན་དུ་འཐབ་རྩོད་གནང་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ་དང་། འཁྲུངས་སྐར་གྱི་ཉིན་༧གོང་ས་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཞུ་རྒྱུ་ནི་ཨ་རིའི་གྲོས་ཚོགས་ཀྱི་འོས་འཚམས་ཡིན་པར་བརྗོད་འདུག་ལ། ཐེངས་རྗེས་མའི་འཁྲུངས་སྐར་དེ་བོད་ཀྱི་རྒྱལ་ས་ལྷ་སར་སྲུང་བརྩི་ཞུ་ཐུབ་པའི་སྨོན་ལམ་ཡོད་ཅེས་བརྗོད་འདུག
ཐེངས་འདིའི་གྲོས་འཆར་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་ (Joe Wilson) ལགས་དང་། མའེ་ཁི་ལོ་ལར་ (Mike Laawler) ལགས། རཱ་ཇ་ཀིར་ཥྞ་མོརྟི་ (Raja Krishnamoorthi) ལགས་དང་། ཇེ་མི་རཱ་སི་ཀིན་ (Jamie Raskin) ལགས། གཞོན་ནུ་ཀིམ་ (Young Kim) ལགས་བཅས་ཀྱིས་རྒྱབ་སྐྱོར་གནང་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།