ཨ་རིའི་གླིང་ཕྲན་ཞིག་གི་ཐོག་ཏུ་ཡོད་པའི་ཧ་ཅང་གི་འཇིགས་སུ་རུང་བའི་བཙོན་ཁང་དེ་བསྐྱར་དུ་སྒོ་འབྱེད་དགོས་པའི་བཀའ་བཏང་འདུག 

ཨ་རིའི་གླིང་ཕྲན་ཞིག་ཏུ་བཙོན་ཁང་འཇིགས་སུ་རུང་བ་ཞིག་ཡོད་འདུག་ཅིང་། བཙོན་ཁང་དེ་སྒོ་བརྒྱབ་ནས་ད་བར་མི་ལོ་༦༠ ཙམ་ཕྱིན་ཡོད་འདུག་ཀྱང་། སྲིད་འཛིན་ཊོམ་གྱིས་དེ་བསྐྱར་དུ་སྒོ་ཕྱེས་ནས་ཨ་རིའི་ནང་དུ་ཡོད་པའི་ཧ་ཅང་ཚབས་ཆེ་བའི་ཉེས་ཅན་པ་ཚོ་དེར་འཇུག་དགོས་པར་བརྗོད་འདུག 

ཕྱི་ཚེས་༥ ཉིན་(Wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་(San Francisco)སན་ཧྥི་རན་སི་སི་ཀོའི་ཉེ་འཁོར་གྱི་གླིང་ཕྲན་ཞིག་གི་ཐོག་ཏུ་ཡོད་པའི་བཙོན་ཁང་(Alcatraz)ཟེར་བ་དེ་བསྐྱར་གསོ་བྱས་ནས་བེད་སྤྱོད་གཏོང་དགོས་པ་ཨ་རིའི་གཞུང་ལ་བཀའ་བཏང་ཡོད་འདུག་ལ། བཙོན་ཁང་དེ་ཐོག་མར་ཨ་རིའི་མཚོ་དམག་གི་རྟེན་གནས་ཤིག་ཡིན་འདུག་ཅིང་། ཕྱིས་སུ་དུས་རབས་༢༠ ནས་དེར་བཙོན་ཁང་བཟོས་ནས་བཙོན་ཁང་ཧ་ཅང་བཙན་པོ་ཞིག་དང་འཇིགས་སུ་རུང་བ་ཞིག་ཡིན་འདུག་ལ། ཊོམ་གྱིས་བཙོན་ཁང་དེ་བསྐྱར་གསོ་བྱས་ནས་ཨ་རིའི་ནང་དུ་ཁྲིམས་ལུགས། བཀའ་རྒྱ། བདེན་པ་སོགས་མཚོན་པའི་ཆེད་དུ་བཙོན་ཁང་དེ་བསྐྱར་དུ་སྒོ་འབྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག དེ་སྔོན་ཊོམ་གྱི་བཀའ་རྒྱའི་འོག་ཨ་རི་ནང་གི་ཕྱི་རྒྱལ་མི་རིགས་ཡིན་ལ་ནག་ཉེས་ཆེ་བའི་བཙོན་པ་དང་། ཇག་དཔོན་སོགས་མི་༢༠༠ ཙམ་ཞིག་ཝེ་ནེ་ཛུ་ལ་(Venezuelan)ལ་བཏང་ནས་ཨ་རིའི་ཁྲིམས་ཁང་དང་སྲིད་འཛིན་ཊོམ་བར་འགལ་ཟླ་ཆེན་པོ་བྱུང་ཡོད་འདུག་པར་བརྟེན། མ་འོངས་པར་ཉེས་ཅན་པ་ཚོ་བཙོན་ཁང་དེའི་ནང་གཏོང་རྒྱུའི་འཆར་གཞི་ཡོད་འདུག ད་ཆར་བཙོན་ཁང་དེ་ཡུལ་སྐོར་སྤྲོ་འཁྱམ་འགྲོ་སའི་ས་ཆ་ཞིག་ཡིན་འདུག་ལ། གཞན་གློག་བརྙན་དེ་འདྲ་ཡང་བཟོ་ཡི་ཡོད་འདུག 

བཙོན་ཁང་དེ་རྒྱུན་གནས་ཀྱི་ཆེད་དུ་གཞུང་གིས་འགྲོ་གྲོན་ཧ་ཅང་ཕོན་ཆེན་པོ་གཏོང་དགོས་ཀྱི་ཡོད་པ་དང་། བཙོན་ཁང་དེའི་འགྲོ་གྲོན་གྱིས་བཙོན་ཁང་གཞན་གསུམ་རྒྱུན་གནས་ཐུབ་ཀྱི་ཡོད་འདུག་པར་བརྟེན། ཕྱིས་སུ་བཙོན་ཁང་དེ་སྒོ་བརྒྱབ་ཡོད་འདུག རྒྱུ་མཚན་གཙོ་བོ་གཞན་ཞིག་ནི་བཙོན་ཁང་དེ་གླིང་ཕྲན་ཞིག་གི་ཐོག་ཏུ་ཡོད་པའི་རྐྱེན་གྱིས་ཡིན་འདུག (California)་ཁ་ལི་ཧྥོར་ནི་ཡའི་ཁྲིམས་ཀྱི་མཐོ་སློབ་ཀྱི་སློབ་དཔོན་ཞིག་གིས་(Gabriel Jack Chin)་སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་གི་ཁྲིམས་འགལ་བ་དང་། ཉེས་ཅན་པ་རྣམས་ལ་དམ་དྲག་ཆེན་པོ་བྱེད་རྒྱུའི་འཆར་གཞི་ཡོད་པའི་རྐྱེན་གྱིས་བཙོན་ཁང་དེ་སྒོ་བསྐྱར་དུ་དབྱེ་རྒྱུའི་བཀའ་བཏང་བ་ཡིན་ཚུལ་བརྗོད་འདུག་ལ། བཙོན་ཁང་དེ་ནི་ཧ་ཅང་བཙན་པོ་དང་། བཙོན་པ་རྣམས་བྲོས་ནས་འགྲོ་ས་མེད་པའི་གླིང་ཕྲན་ཞིག་ཏུ་ཐོག་ཏུ་ཡོད་པར་བརྗོད་འདུག 

དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་(Nancy Pelosi)ནན་སི་པེ་ལོ་སི་ཡིས་ཊོམ་གྱིས་འདི་ལྟར་བརྗོད་པ་དེ་ནི་ཧང་སངས་དགོས་པ་ཞིག་མིན་པར་བརྗོད་འདུག འོན་ཀྱང་། (San Francisco)སན་ཧྥི་རན་སི་སི་ཀོ་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Scott Wiener)སི་ཀོ་ཊི་ཟེར་བ་དེས་ཊོམ་གྱི་བཀའ་དེ་ནི་ཨ་རིའི་རྩ་ཁྲིམས་དང་འགལ་གྱི་ཡོད་ཚུལ་དང་། ཧ་ཅང་གིས་ཚབས་ཆེན་པོ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག 

གསར་འགོད་། བསོད་ནམས་ཕུན་ཚོགས།