ཨ་རིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་རྒྱ་ནག་གི་འོག་ཆོས་དད་རང་དབང་སྐྱོ་པོ་ཡིན་སྐོར་འཁོད་འདུག

ཕྱི་ལོ་༢༠༡༩ ལོའི་ནང་འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་གི་གནས་སྟངས་ཇི་ཡིན་སྐོར་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༠ ཟླ་༦ ཚེས་༡༠ ཉིན་སྙན་ཐོ་ཞིག་བཏོན་འདུག་པ་དང་། སྙན་ཐོའི་ནང་དུ་རྒྱལ་ཁབ་ཁག་གཅིག་གི་སྲིད་གཞུང་གིས་རང་གི་མི་མང་ཐོག་ཆོས་དད་རང་དབང་ལོངས་སུ་སྤྱོད་འགྱུར་དམ་དྲག་སུན་གཙེར་ཧ་ཅང་བཟོས་པ་དང་། ཆོས་བྱེད་སྒྲིག་འཛུགས་ཁག་དང་ཆོས་ལུགས་བྱེ་བྲག་པ། ཆོས་པ་སྒེར་བཅས་ལ་དམིགས་འཛུགས་ཀྱིས་ཆེད་མངགས་དམ་དྲག་བྱས་པ་མ་ཟད།  འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་ཤོས་བྱེད་མཁན་ཁྲོད་རྒྱ་ནག་བཀོད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། སྙན་ཐོའི་ནང་གསལ་“རྒྱ་ནག་གཞུང་ལ་མཚོན་ན་རྩ་ཁྲིམས་ནང་ཆོས་དད་རང་དབང་གསལ་ཡོད་ཀྱང་། ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་ངེས་ཅན་མེད་”ཞེས་འཁོད་འདུག སྙན་ཐོའི་ནང་རྒྱ་ནག་དང་བོད་སོགས་ཀྱི་ནང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དམ་དྲག་ཇི་ལྟར་བྱས་མིན་ཤོག་གྲངས་༨༧ ཙམ་བཀོད་ཡོད་སྟབས། རྒྱལ་ཁབ་གཞན་དང་བསྡུར་བ་ཡིན་ན་གྲ་རྒྱས་ཤོས་དེ་རྒྱ་ནག་ཆགས་འདུག  ཤར་ཏུར་ཀི་སི་ཐན་ཁ་ཆེའི་མི་རིགས་ཐོག་རྒྱ་ནག་གཞུང་གིས་ཁ་བྲལ་བ་དང་།  ཆོས་ལུགས་ཀྱི་ལྟ་བ་མཐར་ལྷུང་བ།  འཇིགས་སྐུལ་དྲག་སྤྱོད་ཀྱི་འཚེ་བའི་ལས་འགུལ་སྤེལ་བ་བཅས་ལ་སྙད་འདོགས་བྱས་ནས་ཁ་ཆེའི་ཆོས་པ་ཚོར་དམ་དྲག་བྱས་པ་དེ་ཁྲིམས་མཐུན་ཡོང་ཐབས་བྱེད་བཞིན་ཡོད།

དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡིག་སྤོམ་པི་ཡོས་རྒྱལ་ཁབ་ཁག་གཅིག་ནང་ཆོས་དད་རང་དབང་གི་གནས་སྟངས་ཡར་རྒྱས་ཕྱིན་པ་དང་།  འོན་ཀྱང་རྒྱ་ནག་ནང་ལ་མཚོན་ན་གཞུང་གིས་ཆོས་དད་རང་དབང་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་གསུང་དོན། “ད་ཆ་རྒྱ་ནག་དམར་པོའི་གཞུང་གིས་ཆོས་པ་ཚོར་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལས་རྒྱ་ནག་གུང་བྲན་ཏང་གི་འགོ་ཁྲིད་པ་བརྩི་བཀུར་དང་ལེན་ཆེ་བ་དགོས་པ་དང་། ཆོས་པ་ཚོར་ཆེད་མངགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་ནང་དུ་དམར་ཤོག་གི་ལྟ་བའི་སྐོར་དང་། སློབ་གསོའི་ལས་འགུལ་བཅུག་ནས་ཆོས་པ་ཚོར་སུན་གཙེར་ཧ་ཅང་བཟོ་བཞིན་ཡོད།  ཤར་ཏུ་ཀི་སི་ཐན་གྱི་ཁ་ཆེ་ཙམ་མ་ཟད་བོད་མི་ནང་པ་དང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ། ཡེ་ཤུ་བཅས་ལའང་དེ་མཚུངས་དམ་དྲག་སུན་གཙེར་བཟོ་བཞིན་ཡོད། རྒྱ་ནག་གཞུང་གིས་ལོ་མང་རིང་མིའི་ཆོས་དད་ཀྱི་འདུ་ཤེས་ལ་རྒོལ་བའི་འཐབ་རྩོད་རྒྱུན་སྐྱོང་བྱེད་བཞིན་ཡོད་”ཅེས་གསུངས།

སྙན་ཐོའི་ནང་བོད་སྐོར་ལ་གནས་ཚུལ་འཁོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ནང་གར་སོང་ཆ་མེད་དུ་གྱུར་བ་དང་འཛིན་བཟུང་བཀག་ཉར། གདུག་རྩུབ་མནར་གཅོད། བུད་མེད་ལ་བཙན་གཡེམ། ཁྲིམས་ཁང་དུ་ཞུ་གཏུག་བྱ་རྒྱུའི་གོ་སྐབས་ཙམ་ཡང་མ་སྤྲད་པར་ཡུན་རིང་བཀག་ཉར་བྱས་པ། ཡང་སྙན་ཐོར། སྲིད་འཛིན་ཞི་ཅིན་པིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་དད་སྨྲ་བ་ཡིན་ཞེས་རློམ་བཞིན་ཡོད་ཀྱང་། དེ་ལྟར་ནའང་རྒྱ་ནག་དམར་ཤོག་ཚོགས་པས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤྱི་དང་། ལྷག་པར་བླ་སྤྲུལ་རྩད་གཅོད་ཀྱི་ལམ་ལུགས་ལ་དབང་སྒྱུར་བྱེད་བཞིན་ཡོད། ཅེས་འཁོད་པ་དང་། གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་ནང་བོད་མི་ཆོས་བྱེད་དགེ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་བཤིག་ཚབས་ཆེ་བཏང་བ་མ་ཟད།  གྲྭ་བཙུན་ཕྱིར་འབུད་བཏང་བ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ། བོད་མི་ཚོས་རྒྱ་ནག་གཞུང་གི་ཆོག་མཆན་མེད་པའི་ས་གནས་སོགས་ལ་ཕྱག་མཆོད་འབུལ་བྱས་ཚེ་ཁྲིམས་འགལ་དུ་བརྩིས་ནས་ཉེས་ཆད་ཕོག་བཞིན་ཡོད།  གཞུང་གི་ལས་ཀའི་གོ་སྐབས་ཤིག་ཡོད་ཀྱང་བོད་མི་དེ་དག་ལ་མི་རིགས་དབྱེ་འབྱེད་བྱས་པར་བརྟེན་དཀའ་ངལ་མྱོང་བཞིན་འདུག

སྙན་ཐོའི་ནང་དེ་སྔ་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ ཉིན་རང་ལོ་༢༤ ཡིན་པའི་ཀིརྟི་དགོན་པའི་བོད་མི་ཡོན་ཏན་ཞུ་བ་གྲྭ་ཟུར་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་སྐོར་འཁོད་པ་དང་།  ད་ཆ་རྒྱ་ནག་གཞུང་གིས་རང་སྲེག་ལས་འགུལ་དེའང་སྲོག་གཅོད་ཀྱི་ཁྲིམས་འགལ་ཞིག་ལ་བརྩིས་ནས་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་སྤུན་མཆེད་དང་དགེ་རྒན། ཉེ་འབྲེལ་སོགས་ལ་རྒྱ་ནག་གཞུང་གིས་ངན་ཁག་དཀྲིས་ནས་ཁྲིམས་ཆད་བཏང་བ་སོགས་ལ་ཨ་རིའི་གཞུང་གིས་སེམས་འཚབ་ཤུགས་ཆེ་གནང་འདུག ལྷག་པར་རྒྱ་ནག་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་པས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་ལས་བྱེད་ཚོར་རྒྱ་ནག་གཞུང་གིས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་འབྲེལ་མོལ་བསྐྱར་གསོ་ཞུ་མི་དགོས་པའི་རྒྱུ་མཚན་གང་ཡིན་ལ་གནོན་ཤུགས་སྤྲད་པ་མ་ཟད།  ཁྲིན་ཏུར་བཅའ་བཞུགས་ཨ་རིའི་གཞུང་ཚབ་པས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་དུ་གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་བཤིག་བཏང་དང་གཏོང་བཞིན་པའི་གནད་དོན་ཐད་འདྲི་རྩད་ཤུགས་ཆེ་གནང་། ཨ་རིའི་གཞུང་གིས་འབྱུང་འགྱུར་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་དབང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྐུ་དབང་ཡོད་པ་སྙན་ཐོའི་ནང་གསལ་འདོན་གནང་བ་མ་ཟད། ཨ་རིའི་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་། ཁོང་ཙམ་མ་ཟད་ཁོང་གི་ནང་མི་རྣམས་ཀྱི་གནས་སྟངས་ཐད་སེམས་འཚབ་ཡོད་པ་གསལ་འདོན་གནང་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།