ཨ་རིའི་ཉེན་རྟོག་པའི་དབྱེ་འབྱེད་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུག 

ཨ་རིའི་འདེམས་ཐོན་སྲིད་འཛིན་དང་སྲིད་འཛིན་གཞོན་པ། དེ་བཞིན་མི་རིགས་ནག་པོའི་ཚེ་སྲོག་གི་རིན་ཐང་ལས་འགུལ་བ་སོགས་ཀྱིས། ཨ་རིའི་ཉེན་རྟོག་པས་མི་རིགས་ནག་པོ་ལས་འགུལ་བ་དང་མི་རིགས་དཀར་པོའི་དྲག་པོའི་གྱེན་ལོག་པ་བར་དབྱེ་འབྱེད་ཆེན་པོ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཆེན་པོ་བྱས་འདུག 

ཟླ་༡ པོའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་གྲོས་ཚོགས་ནང་དུ། མང་གཙོ་ཚོགས་པའི་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་ལ་སྲིད་འཛིན་གྱི་འོས་བསྡུ་རྒྱལ་ཁ་ཐོབ་ཡོད་པར་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་སུ། སྲིད་འཛིན་ཊོམ་གྱི་བཀའ་ལྟར་རྒྱབ་སྐྱོར་བ་མང་པོ་ཞིག་ངོ་རྒོལ་བྱེད་པར་སླེབས་ཡོད་པ་དང་། རྗེས་སུ་ཁོང་ཚོ་བཙན་གྱིས་གྲོས་ཚོགས་ཁང་བརྩེགས་སུ་འཛུལ་བ་མ་ཟད། ལས་ཁུངས་དང་ཁང་བརྩེགས་ལ་གཏོར་བཤིག་ཀྱང་བཏང་བ་སོགས་བྱས་ཡོད་པ་རེད། བདེ་འཇགས་ཀྱི་གནད་དོན་ལ་བརྟེན་ནས་གྲོས་ཚོགས་ཀྱང་མཚམས་འཇོག་བྱེད་དགོས་ཁེལ་ཡོད་པ་རེད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་གནད་དོན་དེར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་མ་ཟད། ཨ་རིའི་ནང་དུ་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་དོན་མི་སྣ་མང་པོ་ཞིག་གིས་ཀྱང་ཊོམ་གྱིས་དྲག་པོའི་གྱེན་ལོག་དེར་བརྒྱུད་སྐུལ་བྱས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་བཞིན་ཊོམ་སྲིད་གཞུང་གིས་གནད་ཡོད་མི་སྣ་ཁག་ཅིག་ཀྱང་གནད་དོན་དེ་ལ་བརྟེན་ནས་ཊོམ་དང་གྱེན་ལངས་པའི་བྱ་སྤྱོད་ལ་ངོ་རྒོལ་རྣམ་འགྱུར་སྟོན་ཆེད་དུ་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་རེད།

གྱེན་ལོག་པ་དེ་དག་མང་ཆེ་བ་མི་རིགས་དཀར་པོ་ཡིན་པས། ཉེན་རྟོག་པས་ཁོ་ཚོར་སྟངས་འཛིན་བྱེད་སྟངས་དང་། དེ་སྔོན་མི་རིགས་ནག་པོའི་ཚེ་སྲོག་གི་རིན་ཐང་ལས་འགུལ་བ་ཕལ་ཆེ་བ་མི་རིགས་ནག་པོ་ཡིན་པའི་མི་མང་ལ་སྟངས་འཛིན་བྱེད་སྟངས་གཉིས་བར་ཁྱད་པར་ཆེན་པོ་མངོན་གསལ་ཐོན་རྗེས། ལས་འགུལ་བ་དང་མི་མང་དཀྱུས་མ། གནད་ཡོད་མི་སྣ་སོགས་ནས་གལ་ཏེ་གྱེན་ལངས་པ་དེ་ཚོ་མི་རིགས་ནག་པོའི་ཚེ་སྲོག་ལས་འགུལ་བ་ཡིན་ཚེ། ཁོ་ཚོར་ཉེན་རྟོག་པས་དྲག་པོའི་ཐོག་ནས་རྡུང་རྡེག་དང་འཛིན་བཟུང་བྱས་ཡོད་པ་ངེས་གཏན་རེད་དེ། མི་རིགས་དཀར་པོ་གྱེན་ལོག་པ་དེ་དག་མང་པོ་ཞིག་ལ་རྡུང་རྡེག་བཏང་རྒྱུ་ཕར་ཞོག འཛིན་བཟུང་ཡང་མ་བྱས་པར་ཕྱིར་ཐོན་དུ་བཅུག་པའི་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུག 

ཚེས་༧ ཉིན་ཨ་རིའི་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་གྱིས། གལ་ཏེ་ངོ་རྒོལ་ལས་འགུལ་སྤེལ་མཁན་རྣམས་མི་རིགས་ནག་པོའི་ཚེ་སྲོག་རིན་ཐང་ལས་འགུལ་རུ་ཁག་ཡིན་ཚེ། ཁོ་ཚོར་ཉེན་རྟོག་པས་སྟངས་འཛིན་མི་འདྲ་བ་ཤུགས་ཆེན་བྱས་ཡོད་པ་ངེས་གཏན་རེད། དེ་བདེན་པ་ཡིན་པ་ཚང་མས་ཤེས་གསལ་ཡིན་པས་ངོས་ལེན་བྱེད་ཐབས་མེད་སྐོར་བརྗོད་འདུག དེ་བཞིན་འདེམས་ཐོན་སྲིད་འཛིན་གཞོན་པ་ལྕམ་ཀཱ་མ་ལ་ཧེ་རི་སེ་ཡིས། ཨ་རིའི་ཁྲིམས་ལུགས་དེས་མི་རིགས་དཀར་པོ་དང་ནག་པོ། ཕྱུག་པོ་དང་དབུལ་པོར་གཅིག་མཚུངས་ཐོག་ནས་ལྟ་སྐྱོང་བྱེད་ཀྱི་མེད་པས། དེ་འགྱུར་བ་གཏོང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག 

མི་རིགས་ནག་པོའི་ཚེ་སྲོག་གི་རིན་ཐང་ལས་འགུལ་ཚོགས་པས་བརྗོད་དོན་ལ། མི་རིགས་ནག་པོ་ཚོས་སོ་སོའི་ཚེ་སྲོག་གི་ཆེད་དུ་ངོ་རྒོལ་ལས་འགུལ་སྤེལ་སྐབས། དྲག་ཆས་སྤྲས་པའི་ཉེན་རྟོག་པ་དང་དམག་མི་སྒྲིག་འཇོག་བྱས་ཡོད་པ་རེད་དེ། མི་རིགས་དཀར་པོ་ཚོས་གྱེན་ལོག་བྱས་སྐབས་ཁོ་ཚོར་ཉེན་རྟོག་པ་ཉུང་ཤས་ཤིག་སྒྲིག་འཇོག་བྱས་ཡོད་ཁར། ཁོ་ཚོས་གྱེན་ལོག་པ་དེ་དག་བཀག་འགོག་བྱེད་པར་ནུས་པ་མེད་པ་བསྟན་ཡོད་པ་མ་ཟད། འཇིགས་སྐུལ་རིང་ལུགས་པ་དེ་དག་དང་མཉམ་དུ་པར་ཡང་བརྒྱབ་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་འདུག 

སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་བྷུ་ཤེ། ཁེལ་ཀྲོན། ཇཱི་མི་ཁར་ཀྲེར་བཅས་ནས་གནད་དོན་དེར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་འདུག་པ་མ་ཟད། ཁག་ཅིག་གིས་གྱེན་ལོག་དེ་སྲིད་འཛིན་ཊོམ་གྱི་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་ཐད་ཀར་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།