ཨ་རིའི་དམག་མི་ཞིག་གིས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་མང་པོ་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་ངོས་ལེན་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༤ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་དམག་མི་ཞིག་གིས་རྒྱ་ནག་ལ་རྒྱལ་ཁབ་སྲུང་སྐྱོབ་དང་འབྲེལ་བའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་ངོས་ལེན་བྱས་འདུག
ཨ་རིའི་དམག་མི་ཤུལ་ཙི་( Korbein Schultz) ་ཟེར་བ་ཞིག་གིས་ལོ་འདིའི་ཕྱི་ཟླ་༣ ་པའི་ནང་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཁོས་ཧོང་ཀོང་དུ་ཡོད་པའི་མི་ཞིག་གི་ལག་ནས་ཨ་སྒོར་ཁྲི་༤།༢ ་བླངས་ནས་ཨ་རིའི་དམག་མིའི་གསང་བའི་ཡིག་ཆ་བཅུ་ཕྲག་མང་པོ་མི་དེ་ལ་མཁོ་སྤྲོད་བྱས་ཡོད་འདུག ཤུལ་ཙི་ཡིས་ཧོང་ཀོང་དུ་ཡོད་པའི་མི་དེ་ནི་རྒྱ་གཞུང་དང་འབྲེལ་བ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག
ཁོས་མཁོ་སྤྲོད་བྱས་པའི་ཡིག་ཆའི་ཁྲོད། ཨ་རིའི་དམག་གི་ཐབས་བྱུས་དང་གོ་མཚོན་གྱི་གནས་ཚུལ། ལྷག་པར་དུ་མ་འོངས་པར་ཐའེ་ཝན་སྲུང་སྐྱོབ་ལ་བེད་སྤྱོད་བྱེད་ཆོག་པའི་ད་ཐེངས་ཨ་རིའི་དམག་མི་ཚོ་ལ་ཡུག་རེན་དང་ཨུ་རུ་སུའི་དམག་འཁྲུག་ལས་ཐོབ་པའི་བསླབ་བྱ། གཞན་ཡང་ཨ་རིའི་དམག་སྦྱོང་དང་། HH-60 ཞེས་པའི་ཐད་འཕུར་གནམ་གྲུ་དང་། F-22A ཞེས་པའི་འཐབ་འཛིང་གནམ་གྲུ U-2ཞེས་པའི་གསང་ལྟའི་གནམ་གྲུ་སོགས་ཀྱི་གནས་ཚུལ་མང་དག་ཅིག་ཚུད་ཡོད་འདུག
ཨ་རིའི་ཁྲིམས་ཞིབ་ལས་ཁུངས་(Justice Department) ་ཀྱིས་བརྗོད་པ་ལྟར་ན། ཤུལ་ཙིས་ཆོག་མཆན་མེད་པར་རྒྱལ་ཁབ་སྲུང་སྐྱོབ་དང་འབྲེལ་བའི་གསང་བའི་གནས་ཚུལ་བསྡུ་རུབ་དང་ཕྱིར་བསྒྲགས་བྱས་པ་དང་། ལྐོག་རྔན་བླངས་པའི་ནག་ཉེས་ངོས་ལེན་བྱས་ཡོད་འདུག ཨ་རིའི་གཞུང་གིས་ལོ་རྗེས་མའི་ཕྱི་ཟླ་༡ ཚེས་༢༣་ཉིན་ཁོ་ལ་ཁྲིམས་ཐག་གཅོད་འཆར་ཡོད་འདུག
ཨ་རིའི་རྒྱལ་ཁབ་བདེ་འཇགས་སྡེ་ཚན་གྱི་འགན་འཛིན་ལས་རོགས་རོ་བྷར་ཊི་ཝེལ་སི་ཡིས་རྒྱ་ནག་ལྟ་བུའི་སྲིད་གཞུང་གིས་ང་ཚོའི་དམག་མི་དང་རྒྱལ་ཁབ་བདེ་འཇགས་ཀྱི་གནས་ཚུལ་བཙན་ཤེད་ཀྱིས་དམིགས་འབེན་བྱེད་བཞིན་ཡོད་པ་དང་། ང་ཚོས་ནུས་པ་ཡོད་ཚད་བཏོན་ནས་གནས་ཚུལ་དེ་ཚོ་ཕྱིའི་རྒྱལ་ཁབ་ཁག་གི་ལག་ཏུ་མི་ཤོར་བར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
དེ་སྔ་ཨ་རིའི་གཞུང་གིས་ཀེ་ལི་ཧྥོ་ནི་ཡ་(California) ་ལ་ཝེན་ཧེང་ཀྲའོ་(Wenheng Zhao) ་དང་ཅིན་ཁྲའོ་ཝེ་(Jinchao Wei) ་ཟེར་བའི་དམག་མི་གཉིས་ཀྱིས་རྒྱ་གཞུང་ལ་གསང་བ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་རྗེས་སུ། ད་ཐེངས་དམག་མི་དེ་འཛིན་བཟུང་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།