ཨ་རིའི་དོན་ཁང་གི་རྩིས་ཁྲའི་ལབ་གླེང་སྐོར་བཀའ་ཤག་ལྷན་རྒྱས་འཚོགས་ནས་ལན་འདེབས་གནང་རྒྱུ་ཡིན་ཞེས་གསུངས་སོང་།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་དང་འབྲེལ་ནས། སྤྱི་ཚོགས་བརྒྱུད་ལམ་ཁག་དང་ཉེ་ཆར་བོད་ཀྱི་ཉི་མ་ཞེས་པའི་བརྒྱུད་ལམ་ཐོག་ཏུ། ཨ་རིའི་དོན་གཅོད་སྐབས་སྔོན་མའི་དུས་སུ། དོན་གཅོད་ཀྱི་ཁང་པ་གསར་པ་ཉོ་ཆེད་བོད་ཀྱི་ཐེབས་རྩ་ནས་ཨ་སྒོར་ས་ཡ་༡.༥ བུ་ལོན་བླངས་ཡོད་པ་དང་། རྗེས་སུ་ཚོགས་ཟུར་སྤེན་པ་ཚེ་རིང་གིས་དོན་གཅོད་ལས་ཁུར་བྱེད་བཞིན་སྐབས། སྤྱི་ཁྱབ་རྩིས་ཞིབ་ཁང་གི་རྩིས་པར་བུ་ལོན་དེའི་སྐོར་གྱི་ཐོ་འགོད་ཡིག་ཆ་(Record) སྟོན་རྒྱུ་མེད་པས། དེའི་སྐོར་ཚོགས་ཟུར་གྱིས་སྲིད་སྐྱོང་ལ་ཐོ་འགོད་ཡིག་ཆ་མེད་དོན་དྲི་བ་དྲིས་སྐབས། སྲིད་སྐྱོང་གིས་ཐོ་འགོད་ཡིག་ཆ་མེད་པ་དེ་རྩིས་ཞིབ་ཀྱི་སྙན་ཐོའི་ནང་འདོན་མི་ཆོག་པའི་བཀའ་རྩིས་ཞིབ་འགན་འཛིན་ལ་བཏང་ཡོད་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།
སྲིད་ཚབ་བཀའ་བློན་གྱིས་ཟླ་འདིའི་ཚེས་༩ ཉིན་དོན་གཅོད་འཕོ་འགྱུར་སྐོར་འགྲེལ་བརྗོད་གནང་སྐབས། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེ་ལག་བསྟར་བརྒྱུད་རིམ་གོང་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་”ཞེས་དང་། “ཟླ་བ་༡༡ ཙམ་ནང་ལ་བཀའ་ཤག་ནས་ཁོ་རང་གི་ཕྱག་ལས་གནང་ཕྱོགས་སྐོར་ལ་ཕྱག་བྲིས་༣ ཙམ་ཞིག་གནང་དགོས་པ་དེ་འདྲ་ཞིག་བྱུང་ཡོད་རེད། དེའི་ནང་ནས་ཕྱག་བྲིས་གསུམ་པ་མཐའ་མ་དེ་བར་ལམ་བརྒྱུད་ལམ་ཁག་ནས་ཐོན་པའི་ཉེན་བརྡ་མཐའ་མ་ཟེར་བ་དེ་རེད། དེ་དག་ཚང་མ་ཚར་རྗེས་ཀྱི་ཟླ་བ་༣ ལྷག་གི་རིང་ལ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་འདྲ་པོ་གང་ཡང་མེད་པའི་ཐོག་ལ་གནས་སྟངས་རང་འཇགས་སྟེང་མར་འགྲོ་སྡོད་མཁན་ཞིག་བྱས། གལ་སྲིད་དེ་འདྲ་འགྲོ་བསྡད་པ་ཡིན་ན་ཕར་ཧ་ཅང་གལ་ཆེན་པོ་དང་འགངས་ཆེ་བའི་རྒྱལ་ཁབ་དང་ལས་ཀ་ཞིག་གི་ཐོག་ལ་འཐུས་ཤོར་འགྲོ་རྒྱུ་དང་དེར་བཀའ་ཤག་གིས་ཐུགས་འཚབ་སྐྱེ་དགོས་པ་ཞིག་ཡིན་ན། ད་དེ་ཁྱོན་ནས་ཁོ་རང་རང་བཞིན་གྱིས་མ་འགྲིག་པ་ཞིག་ཆགས་ཀྱི་ཡོད་དུས་ཁོ་རང་གི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ཁོ་རང་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་གནང་དགོས་བྱུང་བ་རེད།”ཅེས་གསུངས་ཡོད་པ་རེད། དོན་གཅོད་ཀྱིས་སྲིད་སྐྱོང་ལ་གནད་དོན་དེའི་ཐད་བཀར་བར་བརྟེན་དོན་གཅོད་འཕོ་འགྱུར་བཏང་བ་ཡིན་སྐོར་ཚོད་དཔག་བྱེད་མཁན་ཡང་ཡོད་པ་དང་། འདི་གའི་གསར་འགོད་པས་བཀའ་ཤག་དང་བོད་ཀྱི་ཐེབས་རྩ་གཉིས་ལས་གསལ་བཤད་ཡོང་ཆེད་འབྲེལ་བ་བྱས་པ་ཡིན།
བོད་ཀྱི་ཐེབས་རྩ་ཁང་ལ་གནད་དོན་དེ་དངོས་ཡོད་ཡིན་མིན་གློག་འཕྲིན་དང་ངོ་དེབ་ཀྱི་འཕྲིན་ཐུང་བརྒྱུད་དྲི་བ་དྲིས་ཀྱང་། ལན་འདེབས་གང་ཡང་གནང་མ་བྱུང་།
ཟླ་འདིའི་ཚེས་༡༧ ཉིན་ བཀའ་ཤག་ཏུ་བཅར་ནས་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུ་ཐབས་བྱས་པ་ཡིན་ཏེ། རྗེས་སུ་འབྲེལ་ཡོད་ལས་བྱེད་ཅིག་གིས་བཀའ་དྲུང་གིས་གནད་དོན་དེའི་ཐད་བཀའ་ཤག་ལྷན་རྒྱས་འཚོགས་ནས་ལན་འདེབས་གནང་རྒྱུ་ཡིན་སྐོར་གསུངས་བའི་ལན་བསྐྱལ་གནང་སོང་།
སྤྱི་ཁྱབ་རྩིས་ཞིབ་ཁང་གི་ཨ་རིའི་དོན་གཅོད་ཁང་གི་རྩིས་ཞིབ་ཀྱི་སྙན་ཐོ་བཏོན་ཟིན་པ་ལྟར། ཕྱི་ལོ་༢༠༡༧ ལོ་དང་དེའི་སྔོན་གྱི་སྙན་ཐོའི་ངོ་བཤུས་ཐོབ་ཆེད་དུ། ཚོགས་དྲུང་ལས་ཁུངས་སུ་བཅར་སྐབས་ཕྱི་དྲིལ་ལ་འབྲེལ་བ་ཡོད་པས། ཕྱི་དྲིལ་ལ་བཅར་དགོས་སྐོར་བརྗོད་སོང་བས། ཕྱི་དྲིལ་ལ་བཅར་སྐབས་སྙན་ཐོ་དེར་བལྟ་བར་སྙན་ཞུ་རྒྱག་དགོས་པ་དང་། དེ་འཛིན་སྐྱོང་ལ་ཕུལ་ནས་སྒུག་དགོས་སྐོར་གསུངས་བྱུང་།
སྤྱིར་བཏང་དེ་སྔོན་ནས་བཀའ་ཤག་གིས་དོན་གཅོད་མང་པོ་ཞིག་འཕོ་འགྱུར་བཏང་མྱོང་བ་དང་། སྐབས་དེར་གསལ་བསྒྲགས་ཡི་གེ་ལས་གསལ་བཤད་གནང་བའི་ལམ་ལུགས་མེད་པ་རེད་དེ། ཐེངས་འདིར་ཚོགས་ཟུར་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་འཕོ་འགྱུར་བཏང་དུས། མི་མང་ཁྲོད་དུ་བཀའ་ཤག་གི་གསལ་བཤད་ཅིག་གནང་ཡོད་པ་དེས། རྒྱབ་ལྗོངས་གནས་ཚུལ་གསལ་པོ་ཆགས་མེད་སྐོར་བརྗོད་ནས། གསལ་བཤད་གསལ་པོ་ཞིག་གནང་དགོས་པའི་བསམ་ཚུལ་བརྗོད་མཁན་དང་། དྷ་སར་བཀའ་ཤག་ལ་ངོ་རྒོལ་བྱེད་དགོས་པ་དང་། ཟླ་༡༢ པའི་ཚེས་༡༠ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆེན་མོར་མ་ཞུགས་ནས། སྲིད་སྐྱོང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་དགོས་སྐོར་བརྗོད་མཁན་བྱུང་ཡོད་པས། དེ་ལ་རྒྱབ་སྐྱོར་བྱེད་མཁན་དང་དགག་པ་རྒྱག་མཁན་ཡང་མི་ཉུང་བ་བྱུང་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།