ཨ་རིའི་ནང་ཀྲི་ཀྲོ་མཉེན་ཆས་བེད་སྤྱོད་བྱེད་མཁན་མང་པོ་ཞིག་རྒྱ་ནག་གི་དེབ་ཆུང་དམར་པོ་ཟེར་བའི་མཉེན་ཆས་ནང་སྤོ་བཞིན་ཡོད་འདུག

ཉིན་གསུམ་གྱི་ནང་རྒྱ་ནག་གི་མཉེན་ཆས་ཀྲི་ཀྲོ་ཨ་རིའི་ཁེ་གཉེར་ཁང་ཞིག་ལ་བཙོང་མ་ཐུབ་ཚེ། མཉེན་ཆས་དེ་ཨ་རིའི་ནང་གཏན་འགོག་བྱེད་རྒྱུ་ཡིན་པར་བརྟེན། ཀྲི་ཀྲོ་བེད་སྤྱོད་གཏོང་མཁན་སྟོང་ཕྲག་མང་པོས། ཁོང་ཚོ་ནི་ཀྲི་ཀྲོ་ནས་ཡོང་བའི་སྐྱབས་བཅོལ་བ་ཡིན་ཞེས་ཟེར་ནས་རྒྱ་ནག་གི་མཉེན་ཆས་དེབ་ཆུང་དམར་པོ་ཟེར་བའི་ཐོག་གནས་སྤོ་བྱེད་བཞིན་ཡོད་འདུག

པར། ཨེ་པི།

ཟླ་འདིའི་ཚེས་༡༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ན་ནིང་ཕྱི་ཟླ་༤ པའི་ནང་། ཨ་རིའིི་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་མཉེན་ཆས་ཀྲི་ཀྲོ་ཉིན་གྲངས་༢༧༠ ། ཡང་ན་ཟླ་འདིའི་ཚེས་༡༩ སྔོན་ཨ་རིའི་ཁེ་གཉེར་ཁང་ཞིག་ལ་བཙོང་དགོས་པ་དང་། གལ་སྲིད་མ་བཙོངས་ཚེ་མཉེན་ཆས་དེ་ཨ་རིའི་ནང་གཏན་འགོག་བྱེད་རྒྱུའི་ཁྲིམས་འཆར་ཞིག་ལ་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་ཡོད་པ་ལྟར།  མཉེན་ཆས་དེ་གཏན་དུ་བཀག་སྡོམ་བྱེད་པར་ཉིན་གྲངས་གསུམ་མ་གཏོགས་ལྷག་མེད་པར་བརྟེན། ད་ལྟའི་ཆར་ཨ་རིའི་ནང་ཀྲི་ཀྲོ་མཉེན་ཆས་བེད་སྤྱོད་གཏོང་མཁན་སྟོང་ཕྲག་མང་པོས། ཁོང་ཚོ་ནི་ཀྲི་ཀྲོ་ནས་ཡོང་བའི་སྐྱབས་བཅོལ་བ་ཡིན་ཞེས་ཟེར་ནས་རྒྱ་ནག་གི་མཉེན་ཆས་དེབ་ཆུང་དམར་པོ་(Little red book) ལ་གནས་སྤོ་བཞིན་ཡོད་འདུག

དེབ་ཆུང་དམར་པོ་ཞེས་པའི་མཉེན་ཆས་དེ་ཕྱི་ལོ་༢༠༡༣ ནས་དར་ཞིང་། འཛམ་གླིང་ཁྱོན་ཡོངས་ལ་བེད་སྤྱོད་གཏོང་མཁན་ས་ཡ་༣༠༠ ལྷག་ཡོད་པའི་ཁྲོད་མང་ཆེ་བ་རྒྱ་ནག་ནས་ཡིན་པ་མ་ཟད། སྤྱོད་བདེའིི་ཁ་པར་(Smartphone) བེད་སྤྱོད་གཏོང་མཁན་ཚོས་དགའ་མོས་ཆེ་ཤོས་བྱེད་སའི་མཉེན་ཆས་གྲས་ཤིག་ཏུ་གྱུར་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་མཉེན་ཆས་དེའི་ནང་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཐའེ་ཝན་གཞུང་གིས་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་པར་བརྗོད་ནས་གཞུང་གི་ལས་བྱེད་ཚོས་མཉེན་ཆས་དེ་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་འདུག

འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་མཉེན་ཆས་ཀྲི་ཀྲོ་བེད་སྤྱོད་གཏོང་མཁན་ཐེར་འབུམ་༢.༠༥་ལྷག་ཟིན་ཡོད་པ་དང་། ཨ་རི་གཅིག་པུའི་ནང་དུ་མཉེན་ཆས་དེ་བེད་སྤྱོད་གཏོང་མཁན་ས་ཡ་༢༧༠ ལྷག་ཟིན། ཡིན་ཡང་། རྒྱ་ནག་གཞུང་གིས་མཉེན་ཆས་དེ་བརྒྱུད་ནས་མི་སྒེར་དང་གཞུང་གི་གསང་བའི་གནས་ཚུལ་མང་དག་ཅིག་མཁོ་སྒྲུབ་བྱེད་ཀྱི་ཡོད་པར་བརྟེན། ཨ་རི་གཞུང་གིས་མཉེན་ཆས་དེ་ཨ་རིའི་ཁེ་གཉེར་ཁང་ཞིག་ལ་བཙོང་དགོས་པ་དང་། དེ་མིན་ཨ་རིའི་ནང་གཏན་འགོག་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན། ཨ་རིའི་སྲིད་འཛིན་གསར་པའི་དམ་འབུལ་གྱི་མཛད་སྒོ་དེ་ཆགས་ཀྱི་ཡོད་པ་དང་། འདེམས་ཐོན་སྲིད་འཛིན་ཊོམ་གྱིས་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ། ཀྲི་ཀྲོའི་སྡིངས་ཆ་དེ་སྐྱོབ་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། ཁོང་ཉིད་དེ་སྔ་སྲིད་འཛིན་ཡིན་དུས། ཀྲི་ཀྲོ་མཉེན་ཆས་བཀག་འགོག་བྱེད་ཐབས་བྱས་ཡོད་འདུག ཉེ་ཆར་ཝ་ཤིན་ཌོན་ཉིན་རེའི་ཚགས་པའི་ཐོག་ཏུ། ཊོམ་གྱིས་ཀྲི་ཀྲོ་མཉེན་ཆས་དེ་ཨ་རིའི་ཁེ་གཉེར་ཁང་ཞིག་ལ་བཙོང་རྒྱུའམ། ཡང་ན་ཐབས་ལམ་གཞན་ཞིག་གི་ཆེད་དུ་ཨ་རིའི་གཞུང་གི་སགཏན་འགོག་བྱེད་རྒྱུའི་དུས་ཡུན་དེ་ཉིན་གྲངས་༦༠ ནས་༩༠ ཙམ་ཕར་འགྱངས་བྱེད་རྒྱུའི་ཐོག་དགོངས་པ་བཞེས་བཞིན་ཡོད་པར་བརྗོད་འདུག

མཉེན་ཆས་འདྲ་མིན་བརྒྱུད་མི་སྒེར་དང་ཚོགས་པ་ཁག་གི་གསང་བའི་གནས་ཚུལ་རྐུ་མ་ཤོར་གྱི་ཡོད་པར་བརྟེན།  ཕྱི་ལོ་༢༠༢༠ ལོ་རྒྱ་གར་གཞུང་གིས་ཀྲི་ཀྲོ་གཙོས་པའི་རྒྱ་ནག་གི་མཉེན་ཆས་རིགས་༣༠༠ ལྷག་བཀག་སྡོམ་བྱས། དེ་བཞིན་ཕྱི་ལོ་༢༠༢༢ ལོར་ཐའེ་ཝན་གྱིས་གཞུང་གི་སྡེ་ཚན་ཁག་གི་ཁ་པར་དང་གློག་ཀླད་སོགས་ཀྱི་ནང་ལ་རྒྱ་ནག་ནས་བཟོས་པའི་མཉེན་ཆས་རིགས་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་འདུག

ཕྱི་ལོ་༢༠༢༣ ལོར་ཁེ་ན་ཌ་གཞུང་གིས་ཀྱང་གཞུང་འབྲེལ་གྱི་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་ནས་ཀྲི་ཀྲོ་མེད་པ་བཟོ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱིས་ལས་བྱེད་ཡོངས་ཀྱི་ཁ་པར་དང་འཕྲུལ་འཁོར་རིགས་ནས་ཀྲི་ཀྲོ་མེད་པ་བཟོ་རྒྱུའི་གསལ་བསྒྲགས་སྤེལ། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་བཅས་ཀྱིས་ཀྱང་ཀྲི་ཀྲོ་མཉེན་ཆས་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།