ཨ་རིའི་ནང་གི་མེ་སྐྱོན་དེས་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་གནས་སྤོ་བྱེད་དགོས་བྱུང་འདུག

ཨ་རིའི་ནང་ས་ཆ་ཨེ་ཀར་༤༠༠༠༠ ཙམ་གྱི་རྒྱ་ཁྱོན་མེ་ཤོར་ནས་མི་སྟོང་ཕྲག་མང་པོ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་མ་ཟད། སྡོད་ཁང་༡༢༠༠༠ ལྷག་མེས་འཚིགས་འདུག་ཅིང་། མི་མགོ་༢༤ རྐྱེན་འདས་སུ་གྱུར་པ་དང་། ད་དུང་ཡང་མེ་གསོད་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

པར། ཨེ་པི་གསར་ཁང་།

ཟླ་འདིའི་ཚེས་༧ ཉིན་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇེ་ལི་(Los Angeles) དུ་མེ་སྐྱོན་ཐོག་མར་བྱུང་ནས་ད་བར་བདུན་ཕྲག་གཅིག་ཙམ་ཕྱིན། འདས་པའི་བདུན་ཕྲག་གཅིག་ཙམ་གྱི་རིང་། ས་ཆ་ཨེ་ཀར་ཁྲི་༤ ལ་མེ་ཤོར་ཞིང་། མེ་སྐྱོན་གྱི་ཁྲོད་དུ་སྡོད་ཁང་༡༢༠༠༠ ལྷག་མེས་འཚིགས་པ་མ་ཟད། མི་གྲངས་འབུམ་གཅིག་དང་ཁྲི་ལྔ་ལྷག་གནས་སྤོ་བྱེད་དགོས་བྱུང་ཡང་མེ་ད་དུང་ཡང་བསད་ཐུབ་མེད་པ་རེད་འདུག

མེ་སྐྱོན་འབྱུང་སའི་ས་ཁུལ་དུ་བརླན་བཤེར་ཆུང་བ་དང་རླུང་ཤུགས་ཆེ་བ། ལྷག་པར་དུ་ཕྱི་ལོ་༢༠༢༢ ནས་༢༠༢༣ ལོའི་ཆར་དུས་སུ་ཆར་པ་ཤུགས་ཆེན་བབས་ནས་རྩི་ཤིང་སྟུག་པོ་སྐྱེས་ཀྱང་། ན་ནིང་ལོར་ཆར་ཆུ་དཀོན་པས་རྩི་ཤིང་དག་བསྐམས་པ་སོགས་ལ་བརྟེན། མེ་སྐྱོན་བློ་བུར་དུ་ཤུགས་ཆེ་རུ་ཕྱིན་ནས་དཀའ་ངལ་འཕྲད་ཅིང་། སློབ་གྲྭ་མང་པོ་སྒོ་བརྒྱབས་པ་དང་དུས་སྟོན་མང་པོ་ཕར་འགྱངས་བྱེད་དགོས་བྱུང་ཡོད་འདུག མེ་སྐྱོན་དེའི་དབང་གིས་མ་འོངས་ལོ་ངོ་བཅུ་ཙམ་གྱི་རིང་། གྲོང་ཁྱེར་དེ་བསྐྱར་གསོའི་ཆེད་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༡༣༥ ནས་༡༥༠ གཏོང་དགོས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

མེ་སྐྱོན་ཤོར་བའི་གྲོང་ཁྱེར་དེ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་ལྟེ་གནས་ཤིག་ཆགས་ཡོད་པ་དང་།  གྲོང་ཁྱེར་ནང་གི་ཚོང་པ་དང་གློག་བརྙན་འཁྲབ་མཁན་མང་པོའི་ཁང་པ་མེས་འཚིགས་ཡོད་པ་མ་ཟད། ཕྱུག་བདག་འགའ་ཤས་ཀྱིས་ཆུ་ཚོད་རེར་ཨ་སྒོར་༢༠༠༠ (ཧིན་སྒོར་འབུམ་གཅིག་ལྷག) སྤྲད་ནས་སྒེར་གྱི་མེ་གསོད་རུ་ཁག་གླ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དུས་རྒྱུན་དུ་གློག་འཁྱུག་ནས་ཨ་རིའི་ནང་མེ་སྐྱོན་ཡང་སེ་འབྱུང་གི་ཡོད་ན་ཡང་། ད་ལྟའི་མེ་སྐྱོན་གྱི་རྒྱུ་མཚན་གང་ཡིན་རྟོག་ཞིབ་བྱེད་བཞིན་ཡོད་འདུག  གནམ་གཤིས་སྔོན་བརྡ་གཏོང་མཁན་ཚོས་གཟའ་ཉི་མ་ནས་ཟླ་བའི་བར་རླུང་འཚུབ་སླར་ཡང་ལྡང་རྒྱུའི་ཉེན་བརྡ་བཏང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།