ཨ་རིའི་ནང་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་དམ་འབུལ་ཞུས་ནས་ཟླ་བ་གཅིག་ལྷག་འགྲོ་བཞིན་པ་དང་བསྟུན། ཁོང་གིས་འོས་བསྡུའི་སྐབས་སུ་ཁས་ལེན་བྱས་པ་ལྟར། ལས་དོན་མང་དག་ཅིག་ལག་བསྟར་བྱེད་བཞིན་ཡོད་ན་ཡང་། རྒྱལ་ནང་གི་དཀའ་ངལ་དག་སེལ་མ་ཐུབ་པར་བརྟེན། ཨ་རིའི་ནང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༡ ཉིན། རྒྱ་གར་གྱི་Firstpost ཞེས་པའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་གྱིས་དམ་འབུལ་ཞུས་ནས་བཟུང་ད་བར་ཟླ་བ་གཅིག་ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེ་དག་གི་རིང་། སྲིད་འཛིན་ཊོམ་གྱིས་ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་མཚན་རྟགས་བཀོད་པ་དང་། ཁྲིམས་འགལ་གྱིས་ཨ་རི་ལ་འཛུལ་མཁན་དག་ཕྱིར་འཕུད་གཏོང་བཞིན་པ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྲིད་དོན་ཉེས་ཆད་གཅོད་རྒྱུའི་བཀའ་རྒྱ་ལ་མཚན་རྟགས་བཀོད་པ། ཡུག་རེན་གྱི་དམག་འཁྲུག་མཚམས་འཇོག་གི་དོན་དུ། ཨུ་རུ་སུ་དང་འབྲེལ་བ་བྱེད་བཞིན་པ་སོགས། འོས་བསྡུའི་སྐབས་སུ་ཁས་ལེན་བྱས་པ་བཞིན་ལས་དོན་མང་པོ་ཞིག་ལག་བསྟར་བྱེད་བཞིན་ཡོད་ན་ཡང་། ཉེ་ཆར་ཊོམ་གྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་མི་མང་གིས་ཁོང་ལ་རྒྱབ་སྐྱོར་ཇི་ཙམ་ཡོད་མེད་ཐོག་བསམ་ཤོག་བསྡུ་ལེན་ཞིག་བྱས་པའི་ནང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ་བསྟན་འདུག
བསམ་ཤོག་བསྡུ་ལེན་དེའི་ནང་། ཊོམ་གྱི་དཔལ་འབྱོར་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༤༣% ནས་༣༩% བར་མར་ཆགས་ཡོད་པ་མ་ཟད། རྒྱལ་ནང་དུ་ཡུལ་ཐང་འཕར་ཆ་སྟངས་འཛིན་ཐོག་མི་མང་བརྒྱ་ཆ་༣༢% ཡིས་མ་གཏོགས་རྒྱབ་སྐྱོར་བྱས་མེད་པ་རེད་འདུག
དེ་བཞིན་ཨ་རི་བ་བརྒྱ་ཆ་༥༤% ཡིས་དངོས་ཟོག་ནང་འདྲེན་ཐོག་སྒོ་ཁྲལ་འགེལ་རྒྱུ་ལ་དགག་བྱ་དང་། བརྒྱ་ཆ་༤༡% གིས་རྒྱབ་སྐྱོར་བྱས། མི་མང་བརྒྱ་ཆ་༤༩% ཡིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རྒྱུ་ལ་རྒྱབ་སྐྱོར་བྱས་པ་དང་བརྒྱ་ཆ་༤༧% གྱིས་རྒྱབ་སྐྱོར་བྱས་མེད་པ་རེད་འདུག
བསམ་ཤོག་བསྡུ་ལེན་གྱི་གྲུབ་འབྲས་ལྟར་ན། ཨ་རི་བ་མང་ཤོས་ཀྱིས་ཁྲིམས་འགལ་ངང་ཨ་རི་ལ་འཛུལ་མཁན་ཕྱིར་འཕུད་དང་། ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་ཊོམ་ལ་རྒྱབ་སྐྱོར་མུ་མཐུད་བྱེད་བཞིན་ཡོད་ན་ཡང་། རྒྱལ་ནང་གི་དངོས་ཟོག་གི་རིན་གོང་འཕར་བ། ཡུལ་ཐང་འཕར་ཆའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ཐོག ཊོམ་གྱི་ལས་དོན་བྱེད་ཕྱོགས་ལ་མི་མང་པོའི་འདོད་བློ་མ་ཁེངས་པ་ཡོང་གི་ཡོད་འདུག ཨ་རིའི་ནང་ཁྲིམས་ཀྱི་སློབ་དཔོན་ཆེན་མོ་(Kimberly Clausing) ཟེར་བ་ཞིག་གིས། ཊོམ་ལ་འོས་འཕེན་མཁན་མང་ཆེ་བས་རྒྱལ་ནང་གི་དཀའ་ངལ་ཏེ། དངོས་ཟོག་གི་རིན་གོང་འཕར་བའི་དཀའ་ངལ་སེལ་རྒྱུ་ལ་རེ་བ་བྱས་ཡོད་ཀྱང་། ཊོམ་གྱིས་ཟླ་བ་གཅིག་ལྷག་གི་རིང་། ལས་དོན་གཞན་པའི་ཐོག་ཤུགས་བརྒྱབ་པ་ལས་རྒྱལ་ནང་གི་ཡུལ་ཐང་འཕར་ཆའི་དཀའ་ངལ་སེལ་ཐབས་བྱས་མེད་ཅེས་བརྗོད་འདུག
ཨ་རིའི་ནང་ད་ལྟའི་ཆར་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་༤༡ བར་ཆགས་ཡོད་པ་དང་། ཁོང་གི་ལས་དོན་བྱེད་ཕྱོགས་ལ་འདོད་བློ་མ་ཁེངས་མཁན་བརྒྱ་ཆ་༥༡% ཟིན་བཞིན་ཡོད་པར་བརྗོད་འདུག་ཀྱང་། ད་ལྟ་ཊོམ་ལ་དུས་ཡུན་ལོ་ངོ་བཞི་ལྷག་ཡོད་པ་དང་། ཨ་རི་བ་ཚོ་འདོད་བློ་ཁེངས་པའི་ལས་དོན་བྱེད་རྒྱུ་ལ་དུས་ཚོད་འདང་ངེས་ཡོད་པར་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།