ཨ་རིའི་ནང་དུ་སློབ་ཕྲུག་བརྒྱ་ཕྲག་མང་པོའི་མཐོང་མཆན་ཕྱིར་བསྡུ་དང་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག
ལོ་འདིའི་ཟླ་༡ པོའི་ཚེས་༢༠ ཉིན། ཨ་རིའི་སྲིད་འཛིན་ཊོམ་གྱིས་དམ་འབུལ་བྱས་ནས་བཟུང་། ཨ་རིའི་ནང་དུ་ཡོད་པའི་སློབ་ཕྲུག་བརྒྱ་ཕྲག་མང་པོའི་མཐོང་མཆན་ཕྱིར་བསྡུ་བྱས་པ་དང་། མང་པོ་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༠ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༡ ཚེས་༢༠ ཉིན་ཨ་རིའི་སྲིད་འཛིན་གསར་པས་དམ་འབུལ་ཞུས་པ་ནས་བཟུང་། ཨ་རིའི་ནང་སློབ་སྦྱོང་བྱེད་དུ་ཡོང་བའི་སློབ་ཕྲུག་བརྒྱ་ཕྲག་མང་པོའི་མཐོང་མཆན་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། སློབ་ཕྲག་མང་པོ་ཞིག་འཛིན་བཟུང་ཡང་བྱས་ཡོད་འདུག
སློབ་ཕྲུག་དེ་དག་གི་ཁྲོད་མང་ཆེ་བ་ནི། ཕྱི་ལོ་༢༠༢༤ ལོའི་དཀྱིལ་ནས་ཨི་སི་རེལ་གྱིས་གྷ་རྫ་ས་ཁུལ་དུ་གནམ་ས་གཉིས་ནས་གཏོར་རྒོལ་བྱས་པའི་ཁྲོད་ད་བར་མི་གྲངས་ཁྲི་༥ ལྷག་འདས་གྲོངས་སུ་ཕྱིན་ཡོད་པས་། ཨི་སི་རེལ་ལ་ངོ་རྒོལ་དང་པ་ལི་སི་ཐན་ལ་རྒྱབ་སྐྱོར་གྱི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཆགས་ཡོད་འདུག ངོ་རྒོལ་ལས་འགུལ་ནང་མ་ཞུགས་རུང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གྷ་རྫ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་མཁན་ཡང་ཚུད་ཡོད་འདུག
ལོ་འདིའི་ཕྱི་ཟླ་༣ པའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་སྲིད་གཞུང་གིས་སློབ་ཕྲུག་ཧ་ལམ་༣༠༠ ཙམ་གྱི་མཐོང་མཆན་ཕྱིར་བསྡུ་བྱས་ཡོད་ཅེས་བརྗོད་འདུག་ཀྱང་། ཨ་རིའི་གཞིས་སྤོའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་སློབ་མ་༤༧༠༠ ལྷག་གི་མཐོང་མཆན་ཕྱིར་བསྡུ་བྱས་པར་བརྗོད་འདུག ད་བར་ཚོད་དཔག་རང་བཞིན་གྱི་གྲངས་ཐོ་སྣ་ཚོགས་བཏོན་པའི་ནང་ནས་མཐོ་ཤོས་དེ་ཆགས་ཡོད་འདུག
ཕྱི་ཟླ་༣ ཚེས་༢༨ ཉིན། ཕྱི་སྲིད་དྲུང་ཆེས། ང་ཚོས་ཨ་རིའི་ནང་དུ་ལས་འགུལ་སྤེལ་མཁན་ནང་འདྲེན་བྱེད་ཀྱི་མ་རེད། ཁོང་ཚོ་ཨ་རི་ལ་སློབ་སྦྱོང་དང་འཛིན་གྲྭ་ཚོགས་སུ་ཡོང་པ་མ་གཏོགས། ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ལ་གནོད་སྐྱོན་གཏོང་མཁན་གྱི་ལས་འགུལ་སྣེ་ཁྲིད་བྱེད་དུ་ཡོང་བ་མ་རེད་ཅེས་བརྗོད་འདུག
སློབ་མའི་ལག་ཁྱེར་ཕྱིར་བསྡུའི་གནས་ཚུལ་དེ་སློབ་ཆེན་གཅིག་གཉིས་ཙམ་གྱི་གནས་ཚུལ་མ་ཡིན་པར། ཨ་རིའི་ནང་སྐད་གྲགས་ཆེ་བའི་སྒེར་བཙུགས་སློབ་གྲྭ་ཧྭ་ཝ་ཌི་དང་སི་ཊན་ཧྥུ་ཌི་སློབ་ཆེན་སོགས། ཁྱོན་བསྡོམས་ཨ་རིའི་རྒྱལ་ཡོངས་སུ་སློབ་ཆེན་དང་མཐོ་སློབ་༢༤༠ ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་༼ALJAZEERA༽ ཞེས་པའི་གསར་ཁང་གིས་བཀོད་འདུག
ཨ་རི་ལ་སློབ་སྦྱོང་བྱེད་དུ་ཡོང་མཁན་མང་ཤོས་རྒྱ་དཀར་ནག་གཉིས་ཀྱི་སློབ་ཕྲུག་ཆགས་ཀྱི་ཡོད་པ་དང་། ཨ་རྒྱའི་བར་གྱི་ཚོང་དམག་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཞན་དུ་ཕྱིན་པ་དང་། དེ་བཞིན་ཨ་རིའི་ནང་ཕྱི་རྒྱལ་སློབ་ཕྲུག་གི་མཐོང་མཆན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་ཕྱིན་པའི་དབང་གིས། ཕྱི་ལོ་༢༠༡༩ ནས་བཟུང་། རྒྱ་ནག་ནས་སློབ་སྦྱོང་བྱེད་དུ་ཡོང་མཁན་ཉུང་དུ་ཕྱིན་ཡོད་ན་ཡང་། ད་དུང་ཡང་ཨ་རིའི་ནང་སློབ་སྦྱོང་བྱེད་མཁན་རྒྱ་ནག་གི་སློབ་ཕྲུག་འབུམ་གསུམ་མ་ཟིན་ཙམ་ཡོད་འདུག
ཟླ་འདིའི་ཚེས་༡༧ ཉིན། South china morning post ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་དང་རྒྱ་ནག་གཉིས་ཀྱིས་དངོས་ཟོག་ཐོག་ཁྲལ་ཤུགས་ཆེན་འགེལ་རེས་ཀྱིས་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་པ་དང་བསྟུན། བདུན་ཕྲག་སྔོན་མའི་ནང་། རྒྱ་ནག་གི་དབང་འཛིན་པ་ཚོས་ཨ་རིར་འགྲུལ་བསྐྱོད་དམ། སློབ་སྦྱོང་བྱེད་འཆར་ཡོད་མི་ཚོ་ལ་ཨ་རྒྱའི་བར་དཔལ་འབྱོར་དང་ཚོང་འབྲེལ་གྱི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པ་དང་། ཨ་རིའི་ནང་ཁུལ་གྱི་བདེ་འཇགས་གནས་སྟངས་ཀྱིས་རྐྱེན་པས་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག
ཊོམ་གྱི་སྲིད་འཛིན་གྱི་དུས་ཡུན་གཉིས་པ་འགོ་བཙུགས་པ་ནས་བཟུང་། སློབ་སྦྱོང་ཆེད་ཕྲུ་གུ་ཨ་རི་ལ་གཏོང་འཆར་ཡོད་མཁན་ཕ་མ་ཚོས་སེམས་འཚབ་བྱེད་ཀྱི་ཡོད་འདུག ཉེ་ཆར་ཨ་རིས་སློབ་མའི་མཐོང་མཆན་ཕྱིར་བསྡུ་བྱས་པའི་ཁྲོད། སློབ་ཕྲུག་མང་བ་དེ་རྒྱ་ནག་གི་སློབ་ཕྲུག་ཡིན་པ་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།