ཨ་རིའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་རུབ་གསོད་ལ་ཁ་གཏད་ཀྱི་ཁྲིམས་ཞིག་གཏན་འབེབས་བྱས་འདུག
མི་རིགས་མི་འདྲ་བ་ལ་བརྟེན་ནས་འཁོན་འཛིན་ཡོད་པའི་ཐོག་ནས་རུབ་གསོད་བྱེད་པའི་བྱ་སྤྱོད་ལ་ཁ་གཏད་ཀྱི་ཁྲིམས་འཆར་དེ་ཐོག་མར་བཏོན་ནས་ལོ་ངོ་༡༢༠ ཡི་རྗེས་སུ་གཞི་ནས་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུང་འདུག
ཟླ་༣ པའི་ཚེས་༢༩ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་རུབ་གསོད་(Lynching) དེ་ནི་མི་རིགས་གཞན་ཞིག་ལ་འཁོན་འཛིན་གྱི་ནག་ཉེས་ཡིན་པ་དང་། ཉེས་ཆད་དུ་མང་ཤོས་ལ་ལོ་ངོ་༣༠ ཡི་བཙོན་འཇུག་དང་དངུལ་གྱི་ཆད་པ་འཕོག་རྒྱུ་ཡིན་པའི་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་ཀྱིས་མིང་རྟགས་བཀོད་འདུག དེ་ཡང་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་སུ་གཏན་འབེབས་བྱས་འདུག་པ་དང་། གྲོས་ཚོགས་འོག་མའི་ནང་དུ་སྤྱི་མཐུན་ཚོགས་པའི་ཚོགས་མི་༣ གྱིས་དགག་བྱ་བྱས་འདུག ཁོང་ཚོས་དགག་བྱ་བྱེད་དོན་ནི་ཨ་རིའི་ནང་མི་མང་གིས་རུབ་གསོད་བྱེད་པའི་བྱ་སྤྱོད་དེ་ཨ་རིའི་ནང་སྔོན་ཚུད་ནས་ཁྲིམས་འགལ་ཡིན་སྐོར་བརྗོད་བཞིན་འདུག
དེ་ཡང་མི་རིགས་འདྲ་མཉམ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་བརྗོད་དོན་ལྟར་ན། ཕྱི་ལོ་༡༨༧༧ ནས་༡༩༥༠ བར་ཨ་རིའི་ནང་མི་རིགས་ནག་པོ་༤༤༠༠ ལྷག་མི་རིགས་དཀར་པོའི་མི་མང་གིས་རུབ་གསོད་བྱས་ཡོད་འདུག་པ་དང་། མི་གསོད་ལག་དམར་བ་མང་པོ་ཞིག་ལ་ཁྲིམས་ཆད་ཕོག་མེད་ཁར་སྐབས་དེར་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་འདུག སྐབས་རེ་མི་རིགས་ནག་པོ་ཞིག་རུབ་གསོད་བྱས་རྗེས་ཤིང་སྡོང་ལ་སྐེ་བཏགས་ནས་དེའི་འོག་ཏུ་མི་རིགས་དཀར་པོ་ཚོས་ཚང་ཁའི་ངང་པར་རྒྱག་སྲོལ་ཡང་ཡོད་འདུག དེ་ཡང་མི་རིགས་ནག་པོ་རུབ་གསོད་བྱེད་ཡུལ་དེ་མངའ་སྡེ་ཕལ་ཆེ་བ་ཨ་རིའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་ཡིན་པ་རེད།
དུས་རབས་ཉེར་གཅིག་ནང་མི་རིགས་དཀར་པོའི་རུབ་གསོད་ཀྱི་གནད་དོན་དེ་སྔོན་དང་གཅིག་མཚུངས་འབྱུང་གི་མེད་ཀྱང་། ཉེན་རྟོག་པས་མི་རིགས་ནག་པོ་ཞིག་གིས་ནག་ཉེས་གང་ཡང་བྱས་མེད་ཀྱང་། མི་རིགས་ནག་པོ་ཡིན་པ་ལ་བརྟེན་ནས་གང་བྱུང་མེ་མདའ་བརྒྱབ་ནས་བསད་པ་སོགས་ཀྱི་གནད་དོན་དེ་དེང་རབས་ཀྱི་རུབ་གསོད་རྣམ་པ་གསར་པ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག
ཁྲིམས་འཆར་དེ་མིང་རྟགས་བཀོད་ཚར་རྗེས་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ད་བར་ཨ་རིའི་གཞུང་གི་ཁྲིམས་གཅིག་གིས་ཀྱང་རུབ་གསོད་དེ་བཀག་འགོག་གསལ་པོ་བྱས་མེད་པ་དང་། རུབ་གསོད་དེ་ནི་མི་རིགས་ཚང་མ་གཅིག་མཚུངས་མིན་པའི་རྫུན་དེ་བཙན་སྐུལ་བྱེད་ཐབས་ཀྱི་འཇིགས་སྣང་ལྡན་པའི་བྱ་སྤྱོད་གཅིག་ཡིན་སྐོར་བརྗོད་འདུག
ཨ་རིའི་ནང་གྲངས་ཉུང་མི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཆེ་ཤོས་(NAACP) ཡིས། རུབ་གསོད་ཅེས་པའི་བྱ་སྤྱོད་དེ་ནི་མི་རིགས་དཀར་པོ་མི་མང་ཚོས་མི་རིགས་ནག་པོར་ཞེད་སྣང་བསྐུལ་བ་དང་སྟངས་འཛིན་བྱེད་ཆེད་ཀྱི་དྲག་པོའི་བྱ་སྤྱོད་གཅིག་ཡིན་པ་དང་། དེ་ནི་ལྷག་པར་ཨ་རིའི་ལྷོ་ཕྱོགས་མངའ་སྡེའི་ནང་དུ་ཁྱབ་ཆེན་པོ་ཡོད་སྐོར་བརྗོད་འདུག
རུབ་གསོད་ལ་ཁ་གཏད་ཀྱི་ཁྲིམས་འཆར་དེ་ཐོག་མར་ཨ་རིའི་གྲོས་ཚོགས་སུ་ཕྱི་ལོ་༡༩༠༠ ལོར་གྲོས་ཚོགས་ནང་ཡོད་པའི་མི་རིགས་ནག་པོ་གཅིག་པུ་དེས་བཏོན་ཡོད་པ་དང་། སྐབས་དེར་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་མེད་ཁར། ད་བར་ཁྲིམས་འཆར་དེ་ཐེངས་༢༠༠ ལ་ཉེ་བ་ཞིག་བཏོན་ཡོད་ཀྱང་རྒྱབ་སྐྱོར་ཐོབ་མེད་པ་དང་། ལོ་ངོ་༡༢༠ ལས་མང་བའི་རྗེས་སུ་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གཏན་འབེབས་བྱས་ཐུབ་ཡོད་པ་རེད།
ཁྲིམས་དེའི་མིང་དུ་ཨཱི་མེཊ་ཀྲིལ་རུབ་གསོད་ལ་ཁ་གཏད་ཀྱི་ཁྲིམས་(The Emmett Till Anti-Lynching Act) ཞེས་གཏན་འབེབས་བྱས་ཡོད་པ་དང་། དེ་ཡང་ཕྱི་ལོ་༡༩༥༥ ལོར་གཞོན་སྐྱེས་ཨཱི་མེཊ་ཀྲིལ་ལ་མི་རིགས་དཀར་པོ་མང་པོ་ཞིག་གིས་གདུག་རྩུབ་ཆེན་པོའི་ཐོག་ནས་རུབ་གསོད་བྱས་པས། གནས་ཚུལ་དེ་ལ་བརྟེན་ནས་ཨ་རིའི་ནང་མི་རིགས་འདྲ་མཉམ་གྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།