ཨ་རིའི་ནང་སླར་ཡང་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ལྷག་འདུག
ཨ་རིའི་ནང་གི་མངའ་སྡེ་ཁག་ཅིག་ནང་མེ་མདའ་ཉར་མི་ཆོག་མིན་གྱི་ཁྲིམས་དམ་པོ་མེད་པས། མི་མང་ནང་མེ་མདའ་གང་བྱུང་བརྒྱབ་ནས་མི་གསོད་ཁྲག་སྦྱོར་གྱི་གནད་དོན་བསྟུད་མར་བྱུང་བཞིན་ཡོད་ཁར། སླར་ཡང་ཐེངས་འདིར་མི་མང་ཁྲོད་མེ་མདའ་བརྒྱབ་ནས་མི་གྲངས་ཉུང་མཐར་༢༦ བསད་ཡོད་འདུག
ཟླ་༡༡ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀྲེག་སི་སེ་ཡི་ས་གནས་སཱུ་ཐེར་ལེན་སེ་པེ་རིང་(Sutherland spring)དུ། མི་མང་རྣམས་ཡེ་ཤུ་ལྷ་ཁང་ནང་ཆོ་ག་བྱེད་བཞིན་སྐབས། མི་ཞིག་གིས་ལྷ་ཁང་ནང་དང་ཕྱི་རུ་མེ་མདའ་བརྒྱབ་ཡོད་པ་དང་། རྗེས་སུ་ས་གནས་ཀྱི་མི་ཞིག་གིས་དྲག་སྤྱོད་པ་དེར་མེ་མདའ་བརྒྱབ་ནས་ཕར་རྒོལ་བྱེད་སྐབས། ཁོ་རླངས་འཁོར་བཏང་ནས་བྲོས་ཕྱིན་ཡོད་འདུག ས་གནས་ཀྱི་མི་དེས་རླངས་འཁོར་བཏང་ནས་ཁོ་རྗེས་དེེད་གཏོང་སྐབས། རླངས་འཁོར་རྡབ་སྐྱོན་བྱུང་ནས་དྲག་སྤྱོད་པ་དེ་ཤི་ཡོད་འདུག
ད་ལྟའི་ཆར་ཚེ་སྲོག་ཤོར་བའི་མི་གྲངས་༢༦ དང་རྨས་སྐྱོན་ཕོག་པའི་མི་གྲངས་༢༠ ཡོད་པ་དང་། གནད་དོན་དེ་ནི་ཀྲེག་སི་སེ་མངའ་སྡེའི་ལོ་རྒྱུས་ནང་མི་མང་ནང་མེ་མདའ་བརྒྱབ་ནས་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ཚབས་ཆེ་ཤོས་ཡིན་སྐོར་མངའ་སྡེའི་སྤྱི་ཁྱབ་པས་བརྗོད་འདུག
ཉེན་རྟོག་པས་མི་གསོད་ཁྲག་སྦྱོར་བྱེད་མཁན་དེ་ནི་མི་རིགས་དཀར་པོ་ལོ་གཞོན་ཞིག་ཡིན་སྐོར་བརྗོད་འདུག་པ་དང་། ཨ་རིའི་བརྒྱུད་ལམ་ཁག་གིས་ཁོ་ནི་རང་ལོ་༢༦ ཡིན་འདུག་ལ། མིང་ཀེ་ལི་ཡིན་ཁར་དེ་སྔོན་ཕྱི་ལོ་༢༠༡༤ ལོར་རང་ཉིད་ཀྱི་ཆུང་མ་དང་ཕྲུ་གུར་རྡུང་རྡེག་བྱས་རྐྱེན། ཨ་རིའི་གནམ་དམག་ནས་ཕྱིར་འབུད་བཏང་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག ད་ལྟའི་ཆར་དྲག་སྤྱོད་སྤེལ་དགོས་དོན་གང་ཡིན་པ་གསལ་པོ་ཆགས་མེད་པ་དང་།
དྲག་སྤྱོད་དེའི་ནང་གནོད་འཚེ་ཕོག་ཡུལ་རྣམས་ལོ་༥ ནས་༧༢ བར་ཡིན་འདུག ད་ལྟའི་ཆར་ཉེ་འགྲམ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་མི་གྲངས་༡༠ ཡི་ནང་ཕྲུ་གུ་བཞི་ཡོད་པ་འདུག
གནད་དོན་དེ་ནི་དེ་སྔོན་ཟླ་བ་གཅིག་གི་སྔོན་དུ་ཨ་རིའི་ས་གནས་གཞན་ཞིག་ལ་རོལ་དབྱངས་དགོང་ཚོགས་སྐབས། མི་ཞིག་གིས་མི་མང་ཁྲོད་མེ་མདའ་བརྒྱབ་ནས་མི་གྲངས་༥༩ བསད་པའི་རྗེས་སུ་བྱུང་བ་ཞིག་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།