ཨ་རིའི་ཕྱི་འབྲེལ་མི་སྣ་ཞིག་གིས་རྒྱ་ནག་དང་ཁོ་མོའི་འབྲེལ་ལམ་སྦེད་ཐབས་བྱས་པ།

 ཨ་རིའི་ཕྱི་འབྲེལ་ལས་བྱེད་ཁི་ལེའི་བྷོན་ཟེར་བས་རྒྱ་ནག་དང་འབྲེལ་བའི་ཨ་རིའི་དཔལ་འབྱོར་གྱི་སྲིད་ཇུས་སྐོར་གྱི་གསང་གནས་རྣམས་བཤད་ནས་ཨ་སྒོར་༢༥༠༠ དང་། གློག་ཀླད། ཀུ་ཤུ་ཁ་པར་སོགས་རྒྱ་ནག་གི་གསང་བའི་ལས་བྱེད་གཉིས་ལས་བླངས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༣༠ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་གཞུང་གི་ཕྱི་འབྲེལ་ལས་བྱེད་ཁི་ལེའི་བྷོན་ཞེས་པའི་བུད་མེད་ལོ་ན་༦༠ ལ་སོན་པ་ཞིག་གིས་མོ་རང་དང་རྒྱ་ནག་གི་གསང་ཉུལ་བ་རྣམས་བར་གྱི་གནད་དོན་སྐོར་ལ་ཨ་རིའི་གཞུང་གི་དཔྱད་འདྲི་འགོག་ཐབས་དང་། རྒྱལ་ནང་གསང་ལས་བརྟག་དཔྱད་ཁང་ལ་རྫུན་མ་བཤད་པ། དེ་བཞིན་ཨ་རིའི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་གསང་བའི་ལས་ཁུངས་ལ་མཁོ་སྤྲོད་ཐོག་རྒྱ་གཞུང་ལས་དངུལ་ལེན་པའི་ནག་ཉེས་ཀྱི་དོགས་གཞིའི་འོག་ཟླ་འདིའི་ཕྱི་ཚེས་༢༨ ཉིན་འཛིན་བཟུང་དང་ཕྱི་ཚེས་༢༩ རེས་གཟའ་ལྷག་པའི་ཉིན་ཉེས་འཛུགས་བྱས་ཡོད་འདུག་ཀྱང་། ཉིན་དེ་ག་རང་ལ་ཁོ་མོར་ནག་ཉེས་མེད་སྐོར་གྱི་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་འདུག
དེ་ཡང་ཨ་རིའི་ཁྲིམས་ཁང་གི་འདྲི་རྩད་གཅོད་མཁན་ཚོས་“རྒྱ་ནག་ལ་ཤུགས་རྐྱེན་ཡོང་གཞིའི་ཨ་རིའི་སྲིད་དོན་དང་། དཔལ་འབྱོར། བདེ་སྲུང་ཐོག་གི་སྲིད་ཇུས་ཀྱི་གསང་གནས་རྣམས་དང་། རྒྱ་ནག་ནང་གི་ཨ་རིའི་གསང་བའི་ལས་དོན་གྱི་སྐོར། དེ་བཞིན་ཨ་རིའི་གསང་ལས་བྱེད་མཁན་རྣམས་དང་ཕྱི་འབྲེལ་སྲིད་དོན་མི་སྣ་རྣམས་ཀྱི་སྐོར་ཁི་ལེའི་བྷོན་བརྒྱུད་ནས་རྒྱ་ནག་གསང་བའི་ལས་ཁུངས་སུ་རག་ཐབས་བྱས་ཡོད་རེད་”ཅེས་བརྗོད་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༡ ལོར་མོས་རྒྱ་ནག་དང་འབྲེལ་བའི་ཨ་རིའི་དཔལ་འབྱོར་གྱི་སྲིད་ཇུས་སྐོར་གྱི་གསང་གནས་རྣམས་བཤད་ནས་ཨ་སྒོར་༢༥༠༠ རྒྱ་ནག་གི་གསང་བའི་ལས་བྱེད་གཉིས་ནས་བླངས་ཡོད་པ་དང་། གཞན་ཡང་གློག་ཀླད་དང་། ཀུ་ཤུ་ཁ་པར་སོགས་ཀྱང་བླངས་ཡོད་སྐོར་འདུག
དེ་བཞིན་ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་ཁི་ལེར་བྷོན་ནི་ཨ་རིའི་གསང་བའི་གནས་ཚུལ་མང་པོ་ཤེས་མཁན་གྱི་གནད་ཡོད་ལས་བྱེད་ཅིག་ཡིན་སྟབས། ཕྱི་རྒྱལ་གྱི་གསང་ལས་སུ་དོགས་པའི་གང་ཟག་སུ་འདྲ་ཞིག་དང་འབྲེལ་ལམ་ཇི་འདྲ་ཞིག་བཟུང་ན་ཡང་གཞུང་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་འདུག འོན་ཀྱང་། མོ་དང་མོའི་ནང་མིར་རྒྱ་ནག་གི་གསང་ལས་བྱེད་མཁན་ཚོས་ཨ་སྒོར་སྟོང་ཚོ་མང་པོའི་ཁེ་ཕན་རྔན་པའི་ཚུལ་དུ་སྤྲད་དེ་ཁོ་ཚོའི་བར་འབྲེལ་ལམ་ཡང་ཡང་བྱུང་ཡོད་ཀྱང་སྙན་སེང་ཞུས་མེད་སྐོར་བཅས་བརྗོད་ཡོད་འདུག ཨ་རིའི་ཁྲིམས་ལུགས་ནང་སུ་ཞིག་གིས་ཁྲིམས་ལུགས་ལག་བསྟར་བྱེད་མཁན་གྱི་དཔྱད་འདྲི་འགོག་ཐབས་བྱས་ཚེ། མང་མཐར་ལོ་༢༠ ཡི་བཙོན་འཇུག་ཉེས་ཆད་དང་། དེ་བཞིན་རྒྱལ་ནང་ལས་དོན་བརྟག་དཔྱད་ཁང་ལ་རྫུན་གཏམ་བཤད་ཚེ་མང་མཐར་ལོ་༥ རིང་བཙོན་འཇུག་གི་ཆད་པ་ཡོད་པ་རེད་འདུག
གནད་དོན་འདིའི་སྐོར་ལ་ཨ་རིའི་ཕྱི་སྲིད་ལས་ཁང་གི་ངོས་ནས་ད་བར་གསལ་བཤད་ཅི་ཡང་བྱས་མེད་རུང་། གསང་གནས་ཐེར་འདོན་གྱི་གནས་ཚུལ་འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གཉིས་ཀྱི་ཐུག་འཕྲད་བྱེད་ལ་ཉེ་བའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག ལྕམ་ཁི་ལེའི་བྷོན་ནི་ཕྱི་ལོ་༡༩༩༩ ལོ་ནས་བཟུང་ཨི་རག་དང་། སུའུ་ཌེན། རྒྱ་ནག་བཅས་སུ་ཐེངས་མང་པོར་ཨ་རིའི་གཞུང་གི་ཕྱི་འབྲེལ་ལས་དོན་ཐོག་ལས་ཀ་བྱེད་མཁན་གྱི་ཨ་རིའི་ཕྱི་འབྲེལ་ལས་བྱེད་ཅིག་ཡིན་པ་རེད་འདུག རེས་གཟའ་ལྷག་པའི་ཉིན་ཁི་ལེའི་བྷོན་ས་གནས་ཁྲིམས་ཁང་དུ་བཅར་ནས་ཁོ་མོར་ནག་ཉེས་མེད་པའི་ཞུ་སྙན་འབུལ་ཡོད་འདུག་པ་དང་། ཕྱི་ཟླ་༤ ཚེས་༡༨ ཉིན་ཁྲིམས་བཤེར་བྱ་རྒྱུ་གཏན་འཁེལ་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།