ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་ལས་མཚམས་བཞག་ཡོད་འདུག
ཊོམ་སྲིད་གཞུང་གིས་ཨ་རི་དང་པོ་འཇོག་རྒྱུའི་སྲིད་བྱུས་འོག་ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་ལས་གཞི་དག་གིས་ཨ་རིའི་བདེ་འཇགས་ལ་ཕན་ཐོགས་ཀྱི་ཡོད་མེད་དང་། ཨ་རི་སྟོབས་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཀྱི་ཡོད་མེད། དེ་བཞིན་ཨ་རིའི་ཡར་རྒྱས་ལ་ཕན་ཐོགས་ཀྱི་ཡོད་མེད་བཅས་ལ་བསྐྱར་ཞིབ་གནང་བཞིན་ཡོད་པ་བརྗོད་འདུག་པར་བརྟེན། ཕྱི་འབྲེལ་རོགས་སྐྱོར་ཚོགས་པའི་ལས་བྱེད་མང་པོ་གུང་གསེང་དུ་བཏང་བ་དང་། ཆོད་གན་ལས་བྱེད་མང་པོའི་ལས་ཡུན་མཚམས་འཇོག་བྱས་པ་མ་ཟད། རོགས་ཚོགས་ལ་བརྟེན་མཁན་ཚོགས་སྡེ་མང་པོས་སེམས་འཚབ་བྱེད་དགོས་པ་ཆགས་ཡོད་འདུག

ཟླ་འདིིའི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་༡ ཚེས་༢༠ ཉིན། སྲིད་འཛིན་ཊོམ་གྱིས་ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་ཉིན་༩༠ རིང་མཚམས་འཇོག་བྱེད་རྒྱུའི་བཀའ་རྒྱ་བཏང་ཡོད་པ་དང་། དེ་ནས་ཉིན་གྲངས་བཞིའི་རྗེས། ཊོམ་གྱི་སྲིད་འཛིན་གྱི་དུས་ཡུན་དང་པོའི་སྐབས། བདེ་འཇགས་དང་རོགས་སྐྱོར་དང་འབྲེལ་བའི་ལས་གནས་སུ་བསྐོ་བཞག་བྱས་པའི་(Peter Marocco) ཟེར་བ་ཁོང་སླར་ཡང་ལས་གནས་སུ་བསླེབས། ཁོང་གིས་བཀའ་རྒྱ་དེར་ཚོད་དཔག་ལས་འདས་པའི་དམ་དྲག་ཆེ་བའི་འགྲེལ་བརྗོད་བྱས་པས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ལས་གཞི་སྟོང་ཕྲག་མང་པོ་མཚམས་འཇོག་བྱེད་དགོས་བྱུང་བ་དང་། ལས་བྱེད་མང་པོ་དུས་ཐུང་གུང་གསེང་བཞག་པ་དང་། ཆོད་གན་ལས་བྱེད་མང་པོས་ལས་མཚམས་འཇོག་དགོས་བྱུང་ཡོད་འདུག
ཕྱི་སྲིད་དྲུང་ཆེ་གསར་པས་ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་གནས་སྐབས་མཚམས་འཇོག་བྱས་པའི་རིང་། སྲོག་སྐྱོབ་དང་ཛ་དྲག་གི་ལས་འཆར་མང་དག་ཅིག་མུ་མཐུད་འགྲོ་ཐབས་བྱས་ཀྱང་། ཨ་རིའི་རོགས་སྐྱོར་གཏན་དུ་མཚམས་འཇོག་བྱེད་སྲིད་པའི་དངངས་སྐྲག་གིས་རྒྱལ་ཁབ་གཞན་དུ་ཛ་དྲག་གི་ལས་གཞི་མུ་མཐུད་བཀག་སྡོམ་བྱས་ཡོད་པ་མ་ཟད། གནད་ཡོད་ལས་བྱེད་བཅུ་ཕྲག་མང་པོ་གུང་གསེང་བཏང་བ་དང་། ཆོད་གན་ལས་བྱེད་སྟོང་ཕྲག་མང་པོའི་ལས་ཡུན་མཚམས་འཇོག་བྱས་ཡོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་རུ་བྷི་ཡིས། ཨ་རིའི་སྲིད་གཞུང་གི་དམིགས་ཡུལ་ནི། ཕྱི་འབྲེལ་རོགས་སྐྱོར་གྱི་ལས་གཞི་རེ་རེ་བཞིན་བསྐྱར་ཞིབ་བྱས་ཏེ། ལས་གཞི་དེ་དག་གིས་ཨ་རིའི་བདེ་འཇགས་ལ་ཕན་ཐོགས་ཀྱི་ཡོད་མེད་དང་། ཨ་རི་སྟོབས་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཀྱི་ཡོད་མེད། དེ་བཞིན་ཨ་རིའི་ཡར་རྒྱས་ལ་ཕན་ཐོགས་ཀྱི་ཡོད་མེད་བལྟ་རྒྱུ་དེ་ཡིན་ཞེས་བརྗོད་འདུག
བདུན་འདིའི་རེས་གཟའ་ཟླ་བའི་ཞོགས་པར། སྲིད་འཛིན་ཊོམ་གྱིས་གསར་དུ་བཙུགས་པའི་ལས་ཁུངས་གཞུང་གི་ལས་དོན་ཚགས་ཚུད་ལྷན་ཁང་(DOGE) ཞེས་པའི་འགོ་ཁྲིད། འཛམ་གླིང་ནང་གི་ཕྱུག་བདག་ཆེན་པོ་ཨེ་ལོན་མ་སི་ཁིས་ཨིག་སི་(X) དྲྭ་རྒྱའི་ཐོག ཁོང་གིས་སྲིད་འཛིན་ཊོམ་དང་མཉམ་དུ་ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་སྐོར་ཞིབ་ཕྲ་གླེང་མོལ་བྱུང་ཡོད་པ་དང་། སྲིད་འཛིན་ཊོམ་གྱིས་ང་ཚོས་དེ་སྒོ་རྒྱག་དགོས་པ་རེད་ཅེས་མོས་མཐུན་གནང་བྱུང་ཞེས་བཤད།
དེ་བཞིན་ཁོང་གིས་ང་ཚོར་ཡོད་པ་ནི་ཀུ་ཤུའི་ནང་དུ་འབུ་ཡོད་པ་ཞིག་མ་རེད། ང་ཚོར་ཡོད་པ་ནི་འབུས་ཁེངས་པའི་སྤོ་ལོ་ཞིག་རེད། དེ་ནི་བཟོ་བཅོས་རྒྱག་ཐབས་མེད་པ་ཞིག་ཡིན་པས་ཚང་མ་མེད་པ་བཟོ་དགོས་རེད། ང་ཚོས་དེ་སྒོ་རྒྱག་གི་ཡིན་ཞེས་བརྗོད་འདུག
ཟླ་བ་སྔོན་མའི་ནང་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་བལྟས་ན། ཕྱི་ལོ་༢༠༢༣ ལོའི་སྔོན་རྩིས་ནང་ནས་ཨ་རིས་ཕྱི་འབྲེལ་རོགས་སྐྱོར་ཆེད་ཨ་སྒོར་ཐེར་འབུམ་༤༠ ཙམ་བཏང་ཡོད་ན་ཡང་། གྲངས་ཀ་དེ་ནི་ཨ་རིའི་སྔོན་རྩིས་ཀྱི་བརྒྱ་ཆ་༡% ལས་ཉུང་བ་ཡོད་འདུག ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་གྱི་ལས་གཞིའི་འོག་རྒྱལ་ཁབ་༡༣༠ ཙམ་ལ་རོགས་སྐྱོར་བྱེད་ཀྱི་ཡོད་འདུག་པ་དང་། འཛམ་གླིང་ཡོངས་སུ་ལས་བྱེད་གྲངས་༡༠,༠༠༠ ལྷག་ཡོད་ཅིང་། ཨ་རི་ནི་འཛམ་གླིང་ཐོག་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་རོགས་སྐྱོར་མང་ཤོས་བྱེད་མཁན་དེ་ཆགས་ཡོད་འདུག
ཕྱི་ལོ་༢༠༢༣ ཟླ་༣ པའི་ནང་། ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་དང་འབྲེལ་བའི་ཐོག་བསམ་ཤོག་བསྡུ་ལེན་ཞིག་བྱས་པའི་ནང་། ཨ་རིའི་གཞོན་སྐྱེས་བཅུ་ནས་བདུན་གྱིས་ཨ་རིས་རྒྱལ་ཁབ་གཞན་ལ་རོགས་དངུལ་གཏོང་རྒྱུ་མང་དྲགས་པའི་བསམ་ཚུལ་བཤད་ཡོད་པ་དང་། ལྷག་པར་དུ་སྤྱི་མཐུན་ཚོགས་པའི་མི་བཅུ་ནས་དགུ་ཡིས་ཨ་རིའི་གཞུང་གིས་ཕྱི་ཕྱོགས་སུ་རོགས་དངུལ་གཏོང་རྒྱུ་མང་དྲགས་པའི་ལྟ་ཚུལ་བཟུང་ཡོད་འདུག བསམ་ཤོག་ནང་འཛུལ་ཞུགས་བྱེད་མཁན་ཁྲོད་བཅུ་ནས་དྲུག་ཙམ་གྱིས་ཨ་རིའི་གཞུང་གིས་རྒྱལ་ནང་དུ་འཕྲོད་བསྟེན་དང་། ཤེས་ཡོན། བདེ་འཇགས་དང་འཛུགས་སྐྲུན་ཐོག་དངུལ་གཏོང་རྒྱུ་ཉུང་དྲགས་པ་སེམས་ཀྱི་ཡོད་འདུག
ཨ་རིའི་རོགས་ཚོགས་(USAID) ནི་ཨ་རི་དང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་བར་གྲང་དམག་གི་འཐབ་རྩོད་ཀྱི་རྩེ་མོར་སོན་པའི་སྐབས་སུ། ཨ་རིའི་སྲིད་འཛིན་ཀེན་ནེ་ཌིས་ཕྱི་འབྲེལ་རོགས་སྐྱོར་བརྒྱུད་ནས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ལ་ཁ་གཏད་གཅོག་འདོད་ཀྱིས་ཚོགས་པ་དེ་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་༡༩༩༡ ལོ་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཁ་འཐོར་དུ་ཕྱིན་ན་ཡང་། ལས་ཁུངས་མུ་མཐུད་གནས་ཤིང་། དེང་སང་ལས་ཁུངས་དེ་རྒྱལ་ཁབ་གཞན་ལ་རོགས་སྐྱོར་བྱས་ནས་ཨུ་རུ་སུ་དང་རྒྱ་ནག་ལ་གདོང་ལེན་བྱེད་ཀྱི་ཡོད་པའི་ཐོག་ལ་རྩོད་གླེང་ཡོང་གི་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།