ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ནས་ཡོང་བ་ཉེན་ཁ་དེ་“དངོས་གནས་”ཚབས་ཆེན་རེད་ཅེས་གསུངས།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའི་(Pompeo)ཡིས་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཡོང་བའི་ཉེན་ཁ་དེ་“དངོས་གནས་”ཡིན་ཞེས་གསུངས་པའི་ཁར། ཨ་རིས་འདས་པའི་ལོ་ངོ་༤༠ རིང་རྒྱ་ནག་ལ་སོ་སོ་“རྡོག་རྫིས་”གཏོང་དུ་བཅུག་པ་རེད་ཅེས་བསྣན་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཨེ་ཋ་ལན་ཋ་གསར་ཁང་(WSB Atlanta) གིས་ཕྱི་སྲིད་དྲུང་ཆེ་ཁོང་ལ་བཅར་འདྲི་ཞིག་ཞུས་པའི་ཐོག ཁོང་གིས་རྒྱ་ནག་གི་ཁུང་ཙི་ཤེས་ཡོན་ལྟེ་གནས་ཁང་(Confucius Institutes) རྣམས་ཀྱིས་ཨ་རིའི་བྱིས་པ་ཚོའི་སེམས་སུ་རྒྱ་ནག་གི་རྫུན་བསྒྲགས་བླུག་བཞིན་ཡོད་ཅེས་བརྗོད་པ་དང་། “རྒྱ་ནག་དམར་ཤོག་ཚོགས་པ་ནས་ཡོང་བའི་ཉེན་ཁ་དེ་དངོས་གནས་རེད། ལོ་ངོ་༤༠ ཡི་རིང་ང་ཚོས་པུས་མོ་བཙུགས་ནས་ཕྱིན་ཡོད། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་ལ་ང་ཚོ་ཡོངས་སུ་རྡོག་རྫིས་གཏོང་དུ་བཅུག་ཡོད་”ཅེས་བསྣན་འདུག
ཁོང་གིས་ད་དུང་ཨ་རིའི་སློབ་གྲྭ་རྣམས་འཛིན་སྐྱོང་བྱེད་པའི་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པ་ནས་སྒོར་མོ་ལེན་པ་དེ་ནི་“ངོས་ལེན་བྱེད་ཐབས་བྲལ་བ་”ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་མ་དངུལ་མཁོ་སྤྲོད་བྱེད་པ་དེ་“ང་ཚོའི་མང་གཙོ་མགོ་རྟིང་སློག་”པའི་ཆེད་ཡིན་པའི་གནས་ཚུལ་དེ་མི་མང་གིས་ངེས་པར་དུ་ཤེས་དགོས་ཚུལ་གསུངས་འདུག
འདི་ལོའི་ཕྱི་ཟླ་༨ པའི་ནང་། ཊོམ་སྲིད་གཞུང་གིས་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་ཁུང་ཙི་ཤེས་ཡོན་ལྟེ་གནས་ཁང་རྣམས་རྒྱ་ནག་གི་གཞུང་འབྲེལ་རྫུན་བསྒྲགས་ལས་ཁུངས་ཡིན་པའི་ངོས་འཛིན་བྱས་པའི་བཀའ་ཁྱབ་བཏང་སྟེ། ཁུང་ཙི་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་ཚང་མ་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་རྣམས་ཀྱི་ལས་བྱེད་ཚོ་ལྟར་ཐོ་འགོད་བྱེད་དགོས་པ་བཟོས་ཡོད།
ཨ་རིའི་གཞུང་ནས་དེ་ལྟར་བཀའ་ཁྱབ་བསྒྲགས་རྗེས། རྒྱ་གར་གྱིས་ཀྱང་མཐོ་སློབ་ཁག་ཏུ་ཡོད་པའི་ཤེས་ཡོན་ལྟེ་གནས་ཁང་དེ་དག་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་སྐོར་བཤད་པར། རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བསྟན་པ་དང་། ལྡི་ལི་གསར་པའི་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་རྒྱུན་ལྡན་གྱི་མཉམ་འབྲེལ་དེ་ཆབ་སྲིད་ལ་སྒྱུར་མི་ཉན་པའི་ཉེན་བརྡ་བཏང་ཡོད།
འདས་པའི་ལོ་ངོ་ ༤༠ ཙམ་གི་རིང་ལ། ཨ་རིས་རྒྱ་ནག་མཉམ་འབྲེལ་རྒྱལ་ཁབ་(United Nations) དང་། འཛམ་གླིང་ཚོང་ལས་ཚོགས་པ་(World Trade Organization) ལ་སོགས་པའི་ནང་དུ་བསུས་ཏེ་རྒྱ་ནག་རིམ་གྱིས་མང་གཙོ་ཅན་དུ་སྒྱུར་བའི་རེ་བ་དང་སྲིད་བྱུས་བཟུང་ཡོད། འོན་ཀྱང་། རྒྱ་ནག་གིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་གཞན་རྣམས་ཀྱི་ལག་ནས་སོ་སོའི་དགོས་མཁོ་དང་འཚམ་པའི་གོ་སྐབས་དང་ཁེ་བཟང་ལེན་རྐྱང་བྱས་པ་ལས། ཆབ་སྲིད་ཀྱི་སྒྱུར་བཅོས་དང་གུ་ཡངས་གཏོང་རྒྱུའི་རྣམ་པ་ཅི་ཡང་སྟོན་གྱི་མེད་སྟབས། ཨ་རིས་རྒྱ་ནག་ལ་སྟུན་མཁས་བྱས་ན་མཐར་ཐུག་གྱོང་དང་ཕམ་ཁ་རག་མཁན་དེ་རང་ཉིད་ཡིན་པ་ཤེས་ཏེ་མཐའ་གཅིག་ཏུ་རྒོལ་བའི་སྲིད་བྱུས་འཐེན་གྱི་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།