ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་རི་དང་རྒྱ་གར་འབྲེལ་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཞེས་བཤད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ཡིས་རྒྱ་གར་གྱི་འབྲེལ་ཡོད་དབུ་ཁྲིད་རྣམས་དང་གྲོས་མོལ་གྱི་གྲ་སྒྲིག་གནང་སྐབས། ཁོང་གིས་ཨ་རི་དང་རྒྱ་གར་གཉིས་ངེས་པར་དུ་མཉམ་འབྲེལ་བྱས་ཏེ་རྒྱ་ནག་གི་ཉེན་ཁ་ལ་ཁ་གཏད་གཅོག་དགོས་སྐོར་གསུངས་འདུག 

ཨ་རི་དང་རྒྱ་གར་གཉིས་ཀྱི་ཐབས་བྱུས་གྲོས་མོལ་ཚོགས་ཆེན་ཞིག་གི་ཆེད་དུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའི་དང་། རྒྱལ་སྲུང་དྲུང་ཆེ་མཱར་ཁི-ཨེ་སི་ཕར་(Mark Esper)གཉིས་ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་འདུག 

ཕྱི་སྲིད་དྲུང་ཆེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཤན་ཁཱར་(Subrahmanyam Jaishankar) དང་། རྒྱལ་སྲུང་བློན་ཆེན་རཱ་ན་དྷི་སིན་(Ranath Singh)གཉིས་དང་ལྷན་དུ་གྲོས་མོལ་གནང་བར་མ་ཕེབས་སྔོན་ལ། ཁོང་གིས་“དེ་རིང་ནི་ང་ཚོའི་མང་གཙོའི་ལྟ་བུའི་རླབས་ཆེན་གྱི་མང་གཙོ་གཉིས་ཐག་ཉེ་རུ་འགྲོ་བའི་གོ་སྐབས་གསར་པ་ཞིག་རེད་”ཅེས་གསུངས་པའི་ཐོག “[ང་ཚོས་]ལས་ཀ་མང་པོ་ཞིག་བྱེད་རྒྱུ་ལྷག་ཡོད་པ་ཏན་ཏན་རེད། དེ་རིང་ང་ཚོ་ལ་གྲོས་བསྡུར་བྱེད་རྒྱུ་མང་པོ་ཞིག་ཡོད་དེ། གྲོང་ཁྱེར་ཝུའུ་ཧན་ནས་བྱུང་བའི་ནད་ཡམས་ལ་མཉམ་རུབ་ཀྱིས་སེལ་ཐབས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་འཇིགས་སྐུལ་ལ་གདོང་ལེན་བྱེད་ཚུལ། རྒྱ་གར་གྱི་ས་ཁུལ་ཡོངས་ལ་ཞི་བདེ་དང་བརྟན་ལྷིང་སྐྲུན་ཚུལ་སོགས་ཡིན་”ཞེས་བསྣན་འདུག 

འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་འགྲན་ཆེན་མོའི་ནང་། ལས་ཐོག་སྲིད་འཛིན་ཊོམ་གྱིས་འོས་བསྡུའི་ལས་འགུལ་གྱི་དམིགས་གཏད་གཙོ་བོ་དེ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་བཟུང་ཡོད་པ་དང་། ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕེབས་ནས་རྒྱལ་ཁབ་དེ་དག་དང་འབྲེལ་བ་སྲ་བརྟན་བཟོ་བའི་འབད་བརྩོན་གནང་བཞིན་ཡོད།

རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཡང་འགལ་ཟླ་ཇེ་མང་དུ་འགྲོ་བཞིན་པའི་སྒང་ཡིན་ཏེ། འདི་ལོའི་ཕྱི་ཟླ་༦ པའི་ནང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་དུ་དྲག་པོའི་གདོང་ཐུག་ཆེན་པོ་ཞིག་ཤོར་ནས་རྒྱ་གར་གྱི་དམག་མི་ ༢༠ བསད་པ་དེས། མོ་དྷིའི་སྲིད་གཞུང་ལ་རྒྱ་ནག་གི་འབྲེལ་ལམ་ལ་བསྐྱར་ཞིབ་བྱེད་དགོས་པ་དང་། ཆབ་སྲིད་དང་དམག་དོན་ཐོག་ནས་ཨ་རི་དང་ཐག་ཉེ་རུ་གཏོང་དགོས་པ་བཟོས་ཡོད། 

གཞན་ཡང་། ཟླ་རྗེས་མར་མང་གཙོའི་རྒྱལ་རྒྱལ་ཁབ་བཞི་(Quad)སྟེ། ཨ་རི་དང་། ཉི་ཧོང་། རྒྱ་གར། ཨོ་སི་ཁྲུ་ལི་ཡ་བཅས་ཀྱིས་རྒྱ་གར་རྒྱ་མཚོའི་ནང་དུ་མཉམ་འབྲེལ་དམག་སྦྱོང་ཆེན་པོ་ཞིག་བྱེད་གཏན་འཁེལ་ཡོད་པ་དེའང་གཙོ་བོ་རྒྱ་ནག་ལ་དམིགས་པ་ཞིག་ཡིན་འདུག 

དེ་མིན་ད་དུང་དེ་རིང་རེས་གཟའ་མིག་དམར་གྱི་ཕྱི་དྲོར་ཕྱོགས་གཉིས་ཀྱིས་དམག་དོན་གྲོས་མཐུན་ཞིག་ལ་མཚན་རྟགས་འགོད་རྒྱུ་ཡིན་འདུག་པ་དང་། གྲོས་མཐུན་དེའི་ནང་མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་ཀྱི་དམིགས་འབེན་ཇེ་ལེགས་སུ་གཏོང་བའི་ཆེད། རྒྱ་གར་ལ་ཨ་རིའི་སྔོན་ཐོན་གྱི་འཁོར་སྐར་དང་ས་ཁྲ་ལྟ་སྤྱོད་ཆོག་པ་བཟོ་རྒྱུ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།