ཨ་རིའི་ཕྱི་སྲིད་དྲུང་ཆེའི་སྐད་ཆ་ཚིག་གཅིག་གིས་ཨ་རིའི་སྲིད་བྱུས་གཏན་དུ་འགྱུར་བ་བཏང་ཡོད་ཟེར། 

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཕོམ་ཕོའོ་ཡིས་“ཐའེ་ཝན་རྒྱ་ནག་གི་ཆ་ཤས་མ་རེད་”ཅེས་གསུངས་པ་དེས། ཨ་རིས་ཐའེ་ཝན་ལ་བཟུང་བའི་སྲིད་བྱུས་གཏན་དུ་འགྱུར་བ་བཏང་ནས་སྔོན་ཆད་ལྟར་ཡོང་དཀའ་བ་ཆགས་ཡོད་ཟེར། བདུན་ཕྲག་གོང་མའི་རེས་གཟའ་ཕུར་བུའི་ཉིན་ཧག-ཧེ་ཋ་རླུང་འཕྲིན་ཁང་(Hugh Hewitt Show radio program) ནས་ཕྱི་སྲིད་དྲུང་ཆེ་ཕོམ་ཕོའོ་ལ་ཁ་པར་བརྒྱུད་ནས་བཅར་འདྲི་ཞིག་ཞུས་པའི་ཐོག ཁོང་གིས་“ཐའེ་ཝན་རྒྱ་ནག་གི་ཆ་ཤས་མ་རེད་”ཅེས་བརྗོད་པ་དེར་ཕྱོགས་མང་པོ་ཞིག་ནས་དོ་སྣང་དང་གླེང་མོལ་བྱེད་མཁན་བྱུང་འདུག་སྟེ། རྒྱུ་མཚན་ནི་ཨ་རིས་༡༩༧༢ ལོར་ཧྲང་ཧེའི་གྲོས་མཐུན་(Shanghai Communique) ལ་མཚན་རྟགས་བཀོད་པ་ནས་བཟུང་། “རྒྱ་ནག་གཅིག་”གི་སྲིད་བྱུས་ངོས་ལེན་བྱེད་སྲོལ་ཆགས་ཡོད། 

ཕྱི་ཟླ་༡༡ ཚེས་༡༦ ཉིན་ཐའེ་བྷེ་དུས་བབ་(Taipei Times) ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་སྐད་ཆ་གལ་ཆེན་དེ་དང་འབྲེལ་བའི་སྐོར་ལ་ཐའེ་ཝན་གྱི་ཆབ་སྲིད་ཉམས་ཞིབ་པ་རྣམས་ལ་བཅར་འདྲི་བྱས་པ་ཞིག་བཀོད་པའི་ནང་། ཐའེ་ཝན་གྱི་ཆབ་སྲིད་རིག་པའི་སློབ་དཔོན་ཀྲན་ཤི་མིན་(Chen Shih-min) གྱིས་ཕྱི་སྲིད་དྲུང་ཆེའི་སྐད་ཆ་དེས་ཨ་རིས་ཐའེ་ཝན་ལ་བཟུང་བའི་སྲིད་བྱུས་གཏན་དུ་འགྱུར་བ་བཏང་ཡོད་སྐོར་བརྗོད་འདུག 

ཆབ་སྲིད་རིག་པའི་སློབ་དཔོན་ཁོང་གིས། ཨ་རིས་ཐའེ་ཝན་ལ་བཟུང་བའི་སྲིད་བྱུས་དེ་ཐའེ་ཝན་གྱི་གནད་དོན་ཞི་བས་སེལ་རྒྱུ་སོགས་འདུས་པའི་པེ་ཅིང་གི་ཁས་ལེན་ལ་གཞི་བཅོལ་ནས་ཡོད། ཡིན་ན་ཡང་། ད་ལྟ་ཨ་རིས་ཐའེ་ཝན་དང་ཧོང་ཀོང་གི་གནད་དོན་ལ་ཐུག་དུས་པེ་ཅིང་ལ་ཡིད་ཆེས་བྱེད་མི་ཐུབ་པ་རྟོགས་ཡོད་པ་མ་ཟད། འདས་པའི་གྲོས་མཐུན་ལ་བསྟུན་དགོས་པའི་རྒྱུ་མཚན་ཡང་མེད་པ་མཐོང་གི་ཡོད་ཅེས་བརྗོད་ཡོད་འདུག 

སློབ་དཔོན་ཁོང་གིས་ཕོམ་ཕོའི་ཡི་སྐད་ཆ་ཚིག་གཅིག་གིས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ལ་སྒྲོམ་གཞི་གསར་པ་ཞིག་བཞག་ཡོད་ཅེས་བརྗོད་པའི་ཐོག ཨ་རིའི་འདེམས་ཐོན་སྲིད་འཛིན་བྷ་ཌན་(Joe Biden) གྱིས་དངོས་སུ་ལས་འགན་འཁུར་རྗེས་ཀྱང་སྔོན་ཆད་ཀྱི་གནས་སྟངས་དེ་ཡོང་ཁག་པོ་བཟོས་ཡོད་ཅེས་བསྣན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།