ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྡི་ལིའི་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལ་མཇལ་འཕྲད་གནང་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁི་(Antony Blinken) རྒྱ་གར་དུ་ཉིན་གཉིས་ཀྱི་གཟིགས་སྐོར་དུ་ཕེབས་ཞོར། བཙན་བྱོལ་བོད་མིའི་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལ་མཇལ་འཕྲད་གནང་འདུག
དེ་རིང་རེས་གཟའ་ལྷག་པའི་ཞོགས་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁི་(Antony Blinken) ཡིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལ་འཁྱུག་ཙམ་གྱི་མཇལ་འཕྲད་ཅིག་གནང་འདུག་པ་དང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་ལ་བསྟན་པའི་རྣམ་འགྱུར་ཞིག་ཡིན་པ་དང་། རྒྱ་ནག་དེ་ལ་ཁོང་ཁྲོ་ལང་ངེས་པའི་འགྲེལ་བརྗོད་བྱས་འདུག
ད་ནངས་ཀྱི་མཇལ་འཕྲད་དེའི་ཐད་ལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་“ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁི་ལ་ད་ནངས་ཞོགས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་འཁྱུག་ཙམ་གྱི་མཇལ་འཕྲད་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་”ཅེས་འགྲེལ་བརྗོད་བྱས་འདུག
ཕྱི་སྲིད་དྲུང་ཆེ་ཁོང་ཁ་སང་དགོང་མོར་རྒྱལ་ས་ལྡི་ལིར་འབྱོར་བ་དང་། ཁོང་གི་ཉིན་གཉིས་ཀྱི་གཟིགས་སྐོར་རིང་རྒྱ་གར་དང་ལྷན་དུ་ཨ་ཧྥི་གྷ་ནི་སི་ཐན་གྱི་བདེ་འཇགས་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྲ་བརྟན། ཏོག་དབྱིབས་ནད་ཡམས་གདོང་ལེན་བྱེད་ཕྱོགས་ལ་སོགས་པའི་གལ་ཆེའི་གནད་དོན་རྣམས་ཀྱི་སྐོར་ལ་གྲོས་མོལ་བྱེད་གཏན་འཁེལ་ཡོད་འདུག
ཨ་རིའི་སྲིད་འཛིན་གོང་མ་ཊོམ་གྱི་སྐབས་སུ་ཨ་རྒྱ་གཉིས་ཀྱི་བར་དུ་ཚོང་དམག་འཁྲུགས་ནས་རྒྱལ་ཁབ་གཉིས་ཀྱི་བར་དུ་འགལ་ཟླ་འཆོར་འགོ་བརྩམས་པ་ནས་བཟུང་། འབྲེལ་ལམ་བསྐྱར་གསོ་བྱེད་མ་ཐུབ་པར་མུ་མཐུད་ཇེ་ཞན་དང་ཇེ་སྐྱོར་འགྲོ་བཞིན་པའི་སྒང་ཡིན།
རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་དུ་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། བོད་དུ་སྔར་ལས་ཀྱང་ལྷག་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་བཞིན་པ། ལྷག་པར་དུ་ན་ནིང་ཧོང་ཀོང་གྲོང་ཁྱེར་དུ་གཏན་ལ་ཕབ་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་བེད་སྤྱོད་བྱས་ཏེ་ཧོང་ཀོང་གི་རང་དབང་རྨང་ནས་བཤིག་པ་ལ་སོགས་པའི་གནད་དོན་མང་པོ་ཞིག་ལ་བརྟེན་ནས། ཨ་རིས་འདས་པའི་ལོ་ངོ་བཞི་བཅུ་ལྷག་ལ་རྒྱ་ནག་ཐོག་ཏུ་བཟུང་བའི་སྲིད་བྱུས་བསྐྱར་ཞིབ་དང་སྒྱུར་བཅོས་བྱས་ཏེ་བོད་དང་ཐའེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་རུ་གཏོང་གིན་ཡོད་པ་རེད།
ཕྱི་ལོ་༢༠༡༢ ཀྱི་ལོ་སྨད་དུ་ཞི་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་དུ་གྱུར་བའི་རྗེས། རྒྱ་ནག་ནང་ལོགས་ཀྱི་གནས་སྟངས་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ། རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་འགྱུར་ལྡོག་མང་པོ་ཞིག་ཐེབས་ཡོད་པ་མ་ཟད། ན་ནིང་ཞི་ཅིན་ཕིང་གིས་“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་”དང་། “ཁ་བྲལ་བ་ལ་རྡུང་རྡེག་”གཏོང་བ་སོགས་ཀྱི་སྲིད་བྱུས་གསར་པ་བཏོན་ནས་བོད་མགྱོགས་མྱུར་རྒྱ་ནག་ཅན་དུ་སྒྱུར་བའི་དམིགས་ཡུལ་དང་ལག་བསྟར་ཁོ་ན་བྱེད་བཞིན་ཡོད་རུང་། དྷ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ནས་འདས་པའི་ལོ་ངོ་བཅུ་ཕྲག་བཞིའི་སྲིད་བྱུས་ལ་བསྐྱར་ཞིབ་ཙམ་ཡང་མེད་པར་སྔར་རྒྱུན་ལྟར་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།