ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་མིའི་བདམས་ཐོན་སྲིད་སྐྱོང་ལ་འཚམས་འདྲི་ཞུས་འདུག
ཟླ་༥ པའི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་གིས། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ། ཕྱི་ལོ༢༠༢༡ ལོའི་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཚེས་༡༥ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། བདམས་ཐོན་སྲིད་སྐྱོང་ལ་འཚམས་འདྲི་ཞུས་ནས། ཁོང་དང་ལྷན་དུ་ལས་དོན་སྤེལ་རྒྱུར་འདུན་པ་དང་རེ་བ་བཅང་གི་ཡོད་སྐོར་བརྗོད་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནཱེཌ་པེ་རཡེ་སཱི་(Ned Price)ལགས་ཀྱིས། གཞུང་འབྲེལ་གྱི་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། སྤེན་པ་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་རྗེས་མའི་སྲིད་སྐྱོང་དུ་འོས་འདེམས་བྱུང་བར་ཨ་རིའི་གཞུང་གིས་འཚམས་འདྲི་ཞུ་ཡི་ཡོད། ང་ཚོས་འཛམ་གླིང་གང་སར་ཁ་འཐོར་ནས་གནས་ཡོད་པའི་བོད་མི་ཚོའི་ཆེད་དུ། ཁོང་དང་བོད་མིའི་སྒྲིག་འཛུགས་ལྷན་དུ་ལས་དོན་སྤེལ་རྒྱུར་འདུན་པ་དང་རེ་བ་བཅང་གི་ཡོད་ཅེས་གསུངས་འདུག་པས། བོད་མི་གཙོས་པའི་མི་མང་པོ་ཞིག་གིས་ཁོང་ལ་བཀའ་དྲིན་ཆེ་ཞུ་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།